ཚེ་དབང་དངོས་གྲུབ་ལགས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་བསྐོས།

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་སྟེ་ཚེ་དབང་དངོས་གྲུབ་ལགས་ནས་དངོས་སུ་ལས་འཁུར་ཞུས་ཡོད་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་བགྲེས་ཡོལ་དུ་ཕེབས་གཏན་འཁེལ་བ་ལྟར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་སྟེ། ཁ་སང་ཕྱི་ཚེས་ ༥ ཉིན་ཚོགས་དྲུང་ལས་ཁུངས་སུ་ཚོགས་དྲུང་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་བཅས་འཛོམས་ཡོད་འདུག

ཚོགས་དྲུང་གསར་པ་ཚེ་དབང་དངོས་གྲུབ་ལགས་ནི་ཕྱི་ལོ་ ༡༩༦༨ ཟླ་ ༨ ཚེས་ ༡༤ ཉིན་རྡོར་གླིང་དུ་སྐྱེས་ཤིང་། ཀ་སྦུག་གཞི་རིམ་སློབ་གྲྭ་ཐོན་རྗེས་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༨ ནས་གནས་དགུ་པ་གཞོན་དྲུང་གནས་རིམ་ཐོག་ཨོ་རི་ས་ཕུན་ཚོགས་གླིང་བཟོ་གྲྭའི་རྩིས་པར་བསྐོ་གཞག་བྱུང་། དེ་ནས་བཟུང་ད་བར་ལོ་སུམ་ཅུ་ཙམ་རིང་སྦན་ད་ར་མཉམ་འབྲེལ་གྱི་རྩིས་པ་དང་། དྷ་ས་བདེ་དོན་ལས་ཁུངས་ཀྱི་ལས་དྲུང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ལས། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་པ། ཤེས་རིག་ལས་ཁུངས་ཀྱི་རྩིས་ཁང་འགན་འཛིན། སྦེལ་ཀོབ་ལུགས་བསམ་ས་གནས་མགོ་འཛིན། ལྡི་ལི་བོད་སློབ་འཛིན་ཚོགས་འཛིན་སྐྱོང་རྩིས་ལེན་གྱི་ལས་གཞིའི་ཟུང་དྲུང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་བཅས་ཀྱི་ཕྱག་ལས་གནང་ཡོད་འདུག

ཚོགས་དྲུང་ཟུར་པ་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་འདས་པའི་ལོ་ངོ་ ༤༠ རིང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཁག་ཏུ་ལས་འཁུར་ཞུས་པའི་ཁྲོད་ནས། ལོ་ ༢༢ ལྷག་ཕྱོགས་མཐའི་ས་གནས་ལ་དྭགས་བྱང་ཐང་དང་། མེའོ་ཆོས་འཕེལ་གླིང་། ར་ཝང་ལ་ཀུན་ཕན་གླིང་། དེ་བཞིན་མན་སྤར་ཕན་བདེ་གླིང་དང་། སྦན་ད་ར་ནོར་རྒྱས་གླིང་། ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། ཀོ་ལི་གྷལ་དོན་ལྡན་གླིང་བཅས་ཁྱོན་ས་ཁག་བདུན་ནང་ལས་གནས་འདྲ་མིན་ཐོག་ལས་འཁུར་ཞུས་ཡོད་པ་དང་། ཕྱི་ལོ་ ༡༩༩༩ ལོར་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་ལ་བསྐོ་བཞག་གིས། རིམ་པས་བཀའ་དྲུང་ཡིག་ཚང་དང་། དབུས་འོས་བསྡུ་ལས་ཁང་གི་དྲུང་འཕར་དུ་བསྐོ་བཞག་བྱུང་། ཕྱི་ལོ་ ༢༠༡༦ ལོར་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་དང་། ཕྱི་ལོ་ ༢༠༡༧ ལོར་ཚོགས་དྲུང་ལས་ཚབ་ཀྱི་ལས་འཁུར་ཞུས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༠༦

Leave a Reply