ཁྱེད་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ཀྱི་ཡོད་དམ།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་ཏུ་ཁྱབ་བསྒྲགས་བྱེད་བཞིན་པའི་དོ་བདག་ཁག་ཅིག་ནས་སྲིད་སྐྱོང་འོས་མིར་ལངས་དགོས་པའི་རེ་བ་འདོན་མཁན་མང་པོ་ཡོད་ཀྱང་ལངས་རྒྱུ་ཡིན་མིན་སོགས་ཀྱི་ཐད་ད་ལྟ་གང་ཡང་ཞུ་རྒྱུ་མེད་ཅེས་གསུངས་བྱུང་།

ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྱི་ལོ་ ༢༠༢༡ ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐོར་ལ་གླེང་སློངདང་། ལྷག་པར་དུ་སྲིད་སྐྱོང་འོས་དམིགས་ཁག་ཅིག་མི་མང་ནས་བཏོན་ཏེ་ཁོང་ཚོའི་ཁྱད་ཆོས་དང་གཞི་རྩའི་ལྟ་གྲུབ་སོགས་དྲིལ་བསྒྲགས་བྱེད་པའི་མགོ་བཙུགས་ཡོད་སྟབས། འདི་ག་དུས་བབ་ཀྱི་གསར་འགོད་པས་སྤྱི་ཚོགས་དྲ་ལམ་དུ་གླེང་སློང་བྱེད་བཞིན་པའི་མི་སྣ་ཁག་ཅིག་ལ་འབྲེལ་བ་བྱས་ཏེ། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་འཆར་ཡོད་མེད་དྲིས་པར། ཁག་ཅིག་ནས་ད་ལྟ་འོས་བསྡུ་བསླེབ་རྒྱུར་དུས་ཡུན་གང་འཚམ་ཡོད་པ་དང་བཞེངས་རྒྱུ་ཡིན་མིན་སོགས་ཀྱི་ཐད་གང་ཡང་ཞུ་རྒྱུ་མེད་སྐོར་གསུངས་བྱུང་།

སྤྱི་ཚོགས་དྲ་ལམ་འགའ་རེ་ན་ཁྱབ་བསྒྲགས་འགྲོ་བཞིན་པའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས། ད་ལྟའི་ཆར་གནས་ཚུལ་དེའི་སྐོར་ལ་གང་ཡང་ཞུ་རྒྱུ་མེད་ཅེས་གསུངས་བྱུང་ལ། དེ་བཞིན། བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། སྲིད་སྐྱོང་དུ་ལངས་པ་ཡིན་ན་རྒྱབ་སྐྱོར་ཡོད་ལབ་མཁན་མང་པོ་འདུག་ཀྱང། ད་ལྟའི་ཆར་ལངས་འཆར་མེད་ཅེས་གསུངས་བྱུང་།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་དང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས། ད་ལྟའི་ཆར་དེའི་སྐོར་སྐད་ཆ་བཤད་རྒྱུ་སྔ་དྲགས་ཡོད་པ་དང་། དེའི་ཐད་སྐད་ཆ་གང་ཡང་བཤད་རྒྱུ་མེད་ཅེས་གསུངས་བྱུང་། དེ་བཞིན་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། ད་ལྟའི་ཆར་གང་ཡང་བཤད་རྒྱུ་མེད་ལ། འོས་བསྡུ་ལས་ཁང་ནས་ལས་རིམ་གང་ཡང་མགོ་འཛུགས་བྱས་མེད་པ་རེད། ཡིན་ནའང་། མི་ཁ་ཤས་ཀྱིས་ཁ་པར་བཏང་ནས་མང་པོ་ཞིག་ལབ་ཡོང་གི་ཡོད་པ་དང་། མང་པོ་ཞིག་གིས་རེ་བ་འདྲ་བརྒྱབ་ཡོང་དུས་བསམ་བློ་ཞིག་མི་གཏོང་ཐབས་མེད་ཆགས་བསྡད་ཡོད་པ་དང་། ད་ལྟའི་ཆར་དུས་ཚོད་གང་འཚམ་མང་པོ་ཡོད་དུས་གང་ཡང་ཞུ་རྒྱུ་མེད་ལ་ཞུ་རྒྱུའི་གྲ་སྒྲིག་སོགས་གང་ཡང་མེད། ཅེས་གསུངས་བྱུང་།

གཞན་ཡང་། སྤྱི་ཚོགས་དྲ་ལམ་ཁ་ཤས་ན་ཁྱབ་བསྒྲགས་འགྲོ་བཞིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། མི་མང་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ག་རེ་བྲིས་ན་ཡང་ཁོ་རང་ཚོའི་འདོད་པ་རེད་མ་གཏོགས། ང་རང་ངོས་ནས་སྲིད་སྐྱོང་ལ་ལངས་རྒྱུའི་འཆར་གཞི་སོགས་ད་ལྟའི་ཆར་གང་ཡང་མེད་ཅེས་གསུངས་བྱུང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས། ད་ལྟའི་ཆར་དྲ་ལམ་ཁག་ཏུ་ཁྱབ་བཞིན་པ་དེ་དག་རྫུན་མ་རེད། ང་སྲིད་སྐྱོང་ལ་ཁྱོན་ནས་ལངས་རྒྱུ་མིན་ཞེས་གསུངས་བྱུང་།

ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས། ད་ལྟའི་ཆར་ཐག་བཅད་ནས་བཤད་ཐུབ་པ་གང་ཡང་མེད་ཀྱང་། ལྟ་བཞིན་ལྟ་བཞིན་བྱེད་ཀྱི་ཡིན་ལ་གལ་ཏེ་སྲིད་སྐྱོང་འོས་བསྡུའི་ཁྲོད་མི་ཡག་པོ་མ་བསླེབས་པ་ཡིན་ན་ལངས་རྒྱུ་ཡིན་ལ། ད་ལྟའི་ཆར་སྲིད་སྐྱོང་འོས་མིའི་ཁྲོད་ལངས་མཁན་ཚོར་ཤེས་ཡོན་སོགས་ཡོད་ཀྱང་མི་མེད་པས་འཇོན་གྱི་མེད་པ་དང་། མི་མེད་པ་ཁག་ཅིག་ཐོན་པ་ཡིན་ན་ང་རང་ངོས་ནས་ལངས་དགོས་བསམ་ནས་ཡོད་ཅེས་གསུངས་བྱུང་།

འདི་ག་དུས་བབ་ཀྱི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས་སུ། འོས་བསྡུ་ལས་ཁང་གི་ངོས་ནས་འོས་བསྡུ་ཆེན་མོ་དབུ་འཛུགས་ཀྱི་གྲ་སྒྲིག་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་གང་ཡང་ཡོད་པ་མ་རེད་ལ། ཚོགས་འདུ་སོགས་ཚོགས་ནས་གྲོས་བསྡུར་མ་བྱས་བར་ཐག་གཅོད་གང་ཡང་ཡོད་པ་མ་རེད། ཅེས་གསུངས་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༠༧

Leave a Reply

5 thoughts on “ཁྱེད་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ཀྱི་ཡོད་དམ།

  1. འབྲོང་ཆུང་དང་། སྤེན་ཚེ་གཉིས་ནི་ཁ་ནས་གསུངས་སྟངས་ཙམ་མ་གཏོགས་འོས་གཞི་གསལ་བསྒྲགས་སང་གནངས་རེད། པད་འབྱུང་དང་འཁོར་ལ་གཉིས་བཞེང་གི་མིན་ཞེས་ཁ་གསལ་གསུངས་པར་ཡི་རངས་ཡོད། དབུ་དཀར་ཚང་ནི་ཕྱི་རྒྱལ་ཤེས་ཡོན་ཡོད་ཀྱང་ཨ་རི་དོན་གཅོད་གནང་སྐབས་རྙོག་གླེང་མ་གཏོགས་འགོ་ཁྲིད་ཀྱི་འཇོན་ཐང་ཐོན་པ་བྱུང་མེད། ཀུན་དགའ་བཀྲ་ཤིས་ནི་རྒྱ་ནག་གསར་ཤོག་སྟེང་གི་གནས་ཚུལ་ཕར་ཕེར་ཙམ་མ་གཏོགས་དབུ་དཀར་ནང་བཞིན་ཤེས་ཡོན་ལག་ཁྱེར་ཚད་ལྡན་ཁོང་ལ་མེད། དེ་བས་དབྱིན་ཡིག་ནི་ཀ་ན་གཅིག་མི་ཤེས། བོད་གཞུང་ལས་བྱེད་བཞི་བརྒྱ་ཟ་མ་ཟིན་ཡོད་པ་ཚང་མ་ཁོང་ནང་བཞིན་དང་ཁོང་ལས་འཇོན་པ་དང་ལྷག་བསམ་ལྡན་པ་ཡང་མང་པོ་ཡོད་པ་རེད། ཁོང་ཚོ་ཚང་མས་ཀྱང་ཁོ་ལངས་ན་ང་ཡང་ལང་གི་ཡིན་ཞེས་ལབ་ཀྱི་འདུག ངས་ལྟ་དུས་འབྲོང་ཆུང་། བློ་སྙན། སྤེན་ཚེ། རྒྱ་རི་བཞི་ནི་འགོ་ཁྲིད་ཀྱི་ཉམས་མྱོང་ཡོད། ཚོགས་གཙོ་ཡེ་ཤེས་ཕུན་ཚོགས་དང་། གཞུང་ལས་ཀུན་དགའ་བཀྲིས་ལགས། གཞུང་ལས་དབུ་དཀར་ལགས་ནི་ནང་སྲིད་ལས་དོན་ཙམ་ལ་ད་བར་ཡག་པོ་གནང་སོང་བ་ལ་བཀྲིན་ཆེ། ཁོང་གསུམ་དང་ཁོང་ནང་བཞིན་གཞན་ཚོ་ནི་རང་ངོ་རང་ངོ་གིས་མ་འཕྲོད་པར་སྲིད་སྐྱོང་ལྟ་བུ་བོད་ཕྱི་ནང་གི་རྩ་དོན་མི་རིགས་ལ་ཕན་གནོད་བྱེད་པའི་མཚན་གནས་མ་བཞེས་ན་སྤྱི་ཕན་གཉིས་ཀར་དགེ་མཚན་ཆེ། ལོ་ངོ་བཅུ་ཕྲག་གཅིག་ནི་རང་མེད་གཞན་མེད་ཀྱིས་འཕྲོ་བརླག་ཏུ་བཏང་སོང་། ད་འབྲོང་ཆུང་དང་། བློ་སྙན། སྤེན་ཚེ། རྒྱ་རི་བཞི་དང་། ཁོང་ཚོ་ནང་བཞིན་བོད་རིགས་ཤེས་འཇོན་ལྡན་པ་ལངས་འདོད་ཡོད་པ་ཚོ་ནི་སྤྱི་སེམས་མེད་པར་དཔོན་གནས་གོ་མིང་ཙམ་གྱི་ཆེད་དུ་བཞེངས་ནས་བློ་སེང་ནང་བཞིན་ལོ་དུས་རྩ་ཆེ་འཕྲོ་བརླག་ཏུ་བཏང་ན་བོད་རྒྱ་ཆེ་མི་མང་གི་ཁྱེད་དང་ཁྱེད་ནང་མི་བུ་ཕྲུག་ཚང་མ་མི་ཚེ་ལྷག་མར་ལྟས་ངན་དུ་བལྟ་རྒྱུ་ཉག་གཅིག་རེད། དེ་དོན་འོས་གཞིར་བཞེངས་ན་བོད་རྩ་དོན་ལ་དགོངས་གཟབ་ཡོད་པའི་ཐོག་ནས་བཞེངས་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་རྒྱུ་ཡིན།