བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་མཇུག་བསྡུས།  

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༤ པ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ་་ཉིན་གྲངས་དྲུག་རིང་ཚོགས་ཏེ་ཁ་སང་མཇུག་བསྡུས་ཡོད་འདུགཁ་སང་ཕྱི་ཚེས་  ༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢:༣༠ ཐོག་རྒྱ་གར་ལྷོ་ཕྱོགས་སེར་བྱེས་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༤ པའི་མཇུག་སྡོམ་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་མ་འབྱུང་གནས་མཆོག་དང་། དམིགས་བསལ་སྐུ་མགྲོན་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་བཅས་ཕེབས་ཡོད་འདུག

ཚོགས་ཞུགས་པ་ཚོར་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་སྐབས། བོད་ཀྱི་མཐོ་རིམ་སློབ་གཉེར་བ་རྣམས་ལ་གནའ་དེང་གི་ཤེས་ཡོན་བརྗེ་ལེན་བྱེད་སའི་གླེང་སྟེགས་འདི་ལྟ་བུ་ཞིག་ཡོད་པ་དགེ་མཚན་ཆེ་བ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་འཐབ་རྩོད་ཐོག་ནུས་ཤུགས་མཉམ་སྤུང་གནང་སྟེ། མི་རིགས་གཞན་གྱི་མཐོ་རིམ་སློབ་མ་རྣམས་མི་རིགས་དེའི་མ་འོངས་པའི་རྒྱལ་ཁབ་ཀྱི་སོན་རྩ་ཡིན་པས་དེ་དག་ལ་འབྲེལ་བ་གང་ཐུབ་བྱེད་གལ་ཆེ་བ་དང་གྲོས་ཆོད་གང་བཞག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡོད་སྐོར་སོགས་གསུངས་འདུགདེའི་རྗེས་ཤེས་རིག་བཀའ་བློན་མཆོག་གིས། བོད་རིགས་གཞོན་སྐྱེས་ཚོས་ཡ་རབས་བཟང་སྤྱོད་ཀྱི་བོད་པའི་གོམས་གཤིས་བཟང་པོ་རྣམས་རྒྱུན་འཛིན་བྱེད་དགོས་པ་དང་། ཚོགས་ཆེན་གྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་རྣམས་ལ་སྔ་ས་ནས་འཆར་སྣང་དང་འཆར་གཞི་གསལ་པོ་དགོས་གལ་ཆེ་བ་དང་།  ལྷག་པར་དུ་མ་འོངས་པར་ཚོགས་ཆེན་སྐབས་བརྗོད་གཞི་ཉུང་དུ་གཏང་ན། བརྗོད་གཞི་དེ་དག་གི་ཐོག་ཏུ་བགྲོ་གླེང་ལྷུག་པོ་དང་ཚོགས་བཅར་བ་ཆ་ཚང་གི་བསམ་འཆར་འདོན་ཐུབ་སྐོར་དང་། དེ་བཞིན་འདི་ལོར་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙིའི་གསལ་བསྒྲགས་གནང་བ་ལྟར། འདི་ལྟར་གོ་སྒྲིག་བྱས་པ་ལེགས་པོ་ཡིན་པ་དང་།ད་བར་ལམ་ལྷོངས་ཡོད་པ་རྒྱལ་བའི་ཐུགས་རྗེ་ཡིན་པ་དང་དད་པ་དང་གུས་པ་ཁོ་ནས་རྒྱལ་བའི་དགོངས་པ་སྒྲུབ་མི་ཐུབ་སྐོར་གསུངས་སོང་།

གཞན་ཡང་། བཀའ་བློན་མཆོག་གིས་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་སྐད་ཡིག་སྦྱོང་གལ་ཆེ་བ་དང་། རྒྱལ་བའི་བཀའ་དྲིན་རྗེས་དྲན་བྱེད་པར་རང་ཉིད་ཀྱི་གནས་སྟངས་ཤེས་གལ་ཆེ་བ། དེ་ཡང་ད་ལྟ་སློབ་སྦྱོང་གི་གོ་སྐབས་ཐོབ་མེད་པ་ཡིན་ན། རང་གི་གནས་སྟངས་ཅི་འདྲ་ཞིག་ཆགས་ཡོད་མེད་དང་གོ་སྐབས་ཐོབ་པའི་རིན་ཐང་ཤེས་པར་བྱེད་རྒྱུ། མཐོ་སློབ་ཁག་ཏུ་འགྲོ་སྐབས་བོད་མིའི་ཡ་རབས་སྤྱོད་བཟང་སྤེལ་ཐབས་བྱེད་དགོས་པ་དང་། མཐོ་སློབ་ལ་འགྲོ་བ་ཙམ་མིན་པར་དམིགས་ཡུལ་བཟང་པོ་ཡོད་དགོས་སྐོར་དང་། ཉམས་ཞིབ་ཀྱི་བརྗོད་གཞི་རྣམས་བོད་དང་འབྲེལ་བ་ཡོད་པ་གང་མང་ཡོང་ཐབས་བྱ་དགོས་སྐོར་སོགས་གསུངས་འདུགམཇུག་ཏུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་སྐུ་ཚབ་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱིས། སེར་བྱེས་གྲྭ་ཚང་གི་ངོས་ནས་བོད་ཀྱི་གཞོན་སྐྱེས་དེ་དག་མི་རིགས་ལ་མེད་ཐབས་མེད་པ་ཞིག་ཏུ་གཟིགས་ནས་འགྲོ་སོང་བཏང་བ་ལྟར། མཐོ་རིམ་སློབ་མའི་གཞོན་སྐྱེས་ཚོའི་ངོས་ནས་ཀྱང་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། སྐད་ཡིག་སྲུང་སྐྱོབ། གཞན་ཡང་རྒྱ་གར་གཞོན་སྐྱེས་དེ་དག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་རྩ་ཆེན་ཡིན་སྐོར་སོགས་གསུངས་རྗེས། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་སྤྱི་ཁྱབ་འབྲེལ་མཐུད་པས་ཚོགས་ཆེན་སྟེང་བཞག་པའི་གྲོས་ཆོད་ཁག་སྙན་སེང་ཞུས་པ་དང་། ཚོགས་ཆེན་སྐབས་བཅུ་བཞི་བའི་གོ་སྒྲིག་ཚོགས་ཆུང་གི་རྩིས་པ་རྒྱལ་བ་རྒྱ་མཚོས་རྩིས་ཁྲ་སྒྲོགས་སྦྱང་གྲུབ་རྗེས།  གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བསོད་ནམས་ཕུན་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བྱས་ཏེ་ཚོགས་ཆེན་གྲོལ་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་དང་བསྟུན། བོད་རིགས་མཐོ་རིམ་སློབ་གཉེར་བ་དང་གཞི་རིམ་སློབ་མའི་ཁྲོད་བོད་དབྱིན་སྐད་ཡིག་གཉིས་ཀྱི་ཐོག་རྩོམ་ཡིག་འགྲན་བསྡུར་དང་། མཐོ་སློབ་རྩོམ་ཡིག་རྩེ་ཕུད་སོགས་ཀྱི་གཟེངས་བསྟོད་བྱ་དགའ་སྤྲད་ཡོད་པ་དང་། མཐོ་རིམ་སློབ་གྲྭ་ཁག་ལས་བོད་ཡིག་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་དང་པོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་། དབྱིན་ཡིག་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་དང་པོ་རྒྱ་གར་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་ཡིན་པ་དང་། ཚོགས་ཆེན་སྟེང་བོད་རིགས་མཐོ་རིམ་སློབ་མས་བྲིས་པའི་སློབ་ཆེན་གྱི་རྨི་ལམ་དཀར་པོ་ཞེས་པའི་དེབ་ཅིག་ཀྱང་དབུ་འབྱེད་བྱས་ཡོད་འདུག

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་པས་མཁོ་སྤྲོད་བྱས།

བསྐྱར་བཅོས།: ༢༠༢༠/༠༣/༠༧

Leave a Reply

One thought on “བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་མཇུག་བསྡུས།  

  1. བུད་དབང་ངག་དབང་བྱང་ཆུབ།

    ད་ལམ་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་རང་རིགས་གཞོན་སྐྱེས་མཐོ་རིམ་སློབ་མའི་ལྷན་ཚོགས་ཚོགས་གནང་བར་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞུ།
    དེ་སྔོན་ང་ཚོའི་མི་རིགས་འདི་ཕྱི་རྒྱལ་ཁག་ཁ་འཐོར་གུ་འཐོར་འགྲོ་དགོས་བྱུང་ཞིང་། དེ་ཚོའི་རིགས་རྒྱུས་རྣམས་ལ་དམིག་གསལ་བོད་མིའི་སྒྲིགས་འཛུགས་ནས་གཟིགས་རྟོགས་གནང་བ་མ་དྲན། ད་ལྟའི་བཀའ་ཤག་ནས་ལྔ་དང་ལྔ་བཅུའི་ཆར་སྣང་ཐོགས་འདི་རྣམས་ལ་དམིག་བསལ་འདུ་འཛོམས་ཐོགས་ཡོང་ཐབས་དང་། འདུ་འཛོམས་ཐོགས་སོ་སོའི་ཆོས་དང་རིག་གཞུང་ངོ་སྤྲོད་གནང་བ་དང་། རྒྱུན་གཏན་ཕྱི་རྒྱལ་རྒྱལ་ཁབ་སོ་སོའི་ནང་གནས་སྡོད་ཕན་ཚུན་འབྲེལ་འདྲིས་ཡོང་ཆེད་འགན་འཛིན་བསྐོ་ཤག་གནང་བར་བཅས་ནི་ལྟའི་དུས་ཚོད་འདི་ལ་གལ་ཆེའི་ནང་གི་གལ་ཆེ་ཡིན་པས། སྒོ་སྒྲིག་གནང་མཁན་དང་། ཚོགས་བཅར་རྣམས་པ་བཅས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད་སླད་མར་ཡང་མུ་འཐུས་འཇུག་བསྐྱོང་ཡོང་བར་ཞུ་ལགས་སོ།།