3/10 སྡུག་བསྔལ་ཉིས་བརྩེགས།

   ལྷ་རུའི་བུ། ལ་དྭགས།

 དེ་རིང་གི་ང་ལ་མཚོན་ན་སྡུག་བསྔལ་ཉིས་བརྩེགས་རེད། ངའི་སེམས་ཁམས་ཡོངས་རྫོགས་ས་རུབ་པ་ལྟ་བུའི་ནག་འཐོམ་མེར་རེད། ཉིན་དཀར་གྱི་ཟ་མ་ལ་ཞིམ་མངར་གྱི་བྲོ་བ་མེད་ལ། མཚན་གུང་གི་རྨི་ལམ་ལ་བདེ་སྐྱིད་ཀྱི་དྲོ་འཇམ་མེད།  འོན་ཀྱང་ངས་དེ་རིང་ཙམ་མ་ཟད། དུས་གཏན་དུ་སེམས་ཁམས་ལྗིད་ཏིག་ཏིག་ལ་གཏོང་མཁན་གྱི་སྡུག་བསྔལ་འདི་གཉིས་ལ་ཁ་གཏད་དུ་ལངས་དགོས། འདི་གཉིས་ཀྱི་མདུན་དུ་ངས་མགོ་བོ་ནམ་ནམ་ཞར་ཞར་ལ་མི་འགུར་ཁོ་ཐག་ཡིན། ང་རྒྱལ་འདོད། ཕམ་མི་འདོད། རྒྱལ་ན་ཤི་ཡང་མི་འགྱོད།  སྡུག་བསྔལ་དེ་གཉིས་ཀྱི་ཡོང་ཁུངས་གཅིག་ནས་རེད། གཅིག་སྟེ་ཤར་ཕྱོགས་དམར་པོ་གུང་ཁྲན་གྱི་ཧམ་སེམས་ལས་བྱུང་དང་འབྱུང་བཞིན་ཡོད།   སྡུག་བསྔལ་གཅིག་གྱིས་ངེད་རྩམ་ཟན་བོད་ཀྱི་མི་རིགས་འདི་གཞིས་དང་བྱེས་གཉིས་སུ་གྱེས། བྱེས་ཀྱི་སྤུན་ཟླ་ཚོས་ཕ་ས་ཕ་ཡུལ་མ་མཐོང་ནས་དེ་རིང་མི་ལོ་དྲུག་ཅུ་རེ་གཅིག་ཏག་ཏག་འཁོར་གྱི་ཡོད། མགོན་གྱི་དམ་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མི་ཡུལ་གྱི་འཚོ་བ་ལ་རོལ་དགོས་པ་བཟོས་ཡོད། གཞིས་ཀྱི་སྤུན་ཟླར་མཚོན་ན། བློ་གྲོད་པ་གཉིས་ཀྱི་རེ་ས། སེམས་བསམ་པ་གཉིས་ཀྱི་གཏད་ས།  མགོན་གྱི་དམ་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་འཛུམ་མདངས་ཀྱི་བཞིན་རས་ཏེ། ཉི་མ་སྟོང་གི་གཟི་མདངས་ལས་ལྷག་པ་དེ་ཉིད་དངོས་སུ་འདྲེན་བྱེད་ཀྱི་ཡུལ་དུ་མ་འགྱུར་ནས་བགྲང་བྱ་ཧྲིལ་པོ་རེ་གཅིག་འཁོར་བའི་དུས་ཚོད་རེད། གཉེན་ཉེ་དུ་སྟོང་ཕྲག་མང་པོ་མ་ཤི་གསོན་བྲལ་བྱེད་དགོས་པའི་ཉིན་མོ་ཞིག་རེད། དེས་ན་དེ་རིང་ངས་དྲན་གསོ་བྱེད་དགོས། ལོ་རྒྱུས་ཀྱི་ཁྲག་དྲོ་བྲོ་བའི་ཤོག་ལྷེ་རེ་རེ་ལ་ལྟ་ཀློག་དང་། དོན་རྐྱེན་དེ་དངོས་སུ་རིག་མྱོང་མཁན་གྱི་རྒན་རྒོན་གྱི་དེ་འབྲེལ་གྱི་གཏམ་དག་ལའང་ཉན་ནས་དྲན་གསོ་བྱེད་དགོས།།

ཡང་བདག་གི་ཡིད་ཀྱི་མེ་ལོང་ན་འཁོར་བཞིན་པའི་སྡུག་བསྔལ་གཞན་འདི་ནི། ཏོག་དབྱིབས་ཅན་གྱི་རིམས་ནད་རེད། རིམས་འདི་ཐོག་མར་ཝུ་ཧན་ནས་གྲགས་ཤིང་། ད་ལྟ་བདག་གནས་སའི་མར་ཡུལ་ལ་དྭགས་ཀྱི་ཕྱོགས་ལའང་སླེབས་ཟིན་པ་ཀུན་གྱིས་ཤེས། རིམས་འདིས་འཛམ་གླིང་གི་མི་དུང་ཕྱུར་མང་པོའི་འགྲོ་འདུག་འཆག་གསུམ་ལ་དོ་ཕོག་བློ་ཡུལ་དུ་ཤོང་དཀའ་བའི་གནས་སུ་བསྐྱལ། རིམས་འདིས་ད་ལྟ་ང་བཟང་བཙོན་དུ་བཀག་བཀྱིལ་བྱེད་པ་བཞིན་ཕྱི་ལ་གཏོང་གི་མི་འདུག དེས་ན་ངས་དེ་རིང་གསུམ་བཅུའི་དུས་དྲན་ཉལ་ཁང་གི་ནང་ལ་སྲུང་གཙི་བྱེད་ཀྱི་ཡོད། ངའི་ཁོར་ཡུག་ན་ཏོག་དབྱིབས་ཅན་གྱི་རིམས་ནད་འདི་བཟོས་པའི་གནས་སྟངས་འདི་ལྟར་རེད། རིམས་ནད་འདིས་མི་གཅིག་ཤི་སོང་ཟེར་ཡང་་བདེན་མིན་མི་ཤེས། མི་གཉིས་ད་ལྟ་སྨན་ཁང་གི་ནང་ལ་ཡོད་ཟེར། ཡུལ་མི་ཕྱི་ནང་གཉིས་དང་། བོད་པ་བཙན་བྱོལ་བ་སོགས་མི་ཐམས་ཅད་སེམས་དངངས་ཤིང་སྐྲག འཇིགས་ཤིང་གཡེར། གཡས་གཡོན་མང་པོ་ནས་ཕྱི་ལ་འགྲོ་མི་ཉན་པ་དང་། ནད་ཀྱིས་ཡུལ་ལུང་ན་མི་གཅིག་ཁྱི་གཅིག་མེད་པར་གཏང་ཉན་ཡོད། དེས་ན་གཟོབ་དགོས་པའི་སྐུལ་མ་གཞུང་དང་སྒེར། ཚོགས་པ་དང་སྒྲིག་འཛུགས། བླ་མ་དང་མཁན་པོ། ཐ་ན་དུས་རྒྱུན་ཅི་ཡང་མི་ཤེས་ལ་གང་ལའང་སྣང་བ་འཇོག་མི་ཤེས་པའི་ཡ་བོ་དག་གིས་ཀྱང་དེ་རིང་བྲེད་ཤ་ཐོན་ནས། སྤྱིར་ཕྱི་ལ་བསྐྱོད་མི་ཉན་པ་དང་། བསྐྱོད་དགོས་པའི་གནས་ལ་ཐུག་ཚེ། ཁ་རས་གྱོན་ནས་བསྐྱོད་དགོས་པའི་སྐད་ཆ་བཤད་ཀྱི་འདུག རིམས་ནད་འདིས་སློབ་གྲྭའི་སྒོ་ཆེན་གཏན་འདུག སློབ་མ་རྣམས་རང་གི་ཕ་ཁྱིམ་ལ་ཕྱིར་ལོག་ཟིན་པས། སློབ་གྲྭ་སྟོངས་པར་གནས། གཞུང་ལམ་ལ་མོ་ཊ་རྒྱུག་མཁན་ཉུང་། གྲོང་རྡལ་གྱི་སྲང་ལམ་ལ་མི་ཉུང་། སྨན་ཁང་གི་སྒོ་འགྲམ་ན་མི་མང་པོས་སྔོན་འགོག་གི་ཡོ་བྱད་ཁ་རས་སོགས་ཀྱི་ཆེད་དུ་བང་སྒྲིག་འདུག ཁ་པར་ན་གྲོགས་དང་གྲོགས་མོ། གཉེན་དང་སྤུན་སོགས་ཀྱིས་འཕྲིན་ཐུང་ན། རིམས་ནད་ཀྱི་ནད་རྟགས་དང་འགོག་ཐབས་ཀྱི་བྱ་བ་ཅི་དང་གང་ཡོད་སྐུར་བཞིན་གདའ། ང་ཡང་དེ་དེ་བཞིན་ནོ། ཁ་སང་ཚེས་ཆེན་བཅོ་ལྔ་རེད། བདག་ཅག་གི་སྟོན་པས་མུ་ཏིག་གི་སྟོན་པ་དྲུག་ཕམ་པར་མཛད་པའི་ཆོ་འཕྲུལ་དུས་ཆེན་རེད། ངས་མདང་ཉིན་རྒྱབ་ནང་ནས་ཁ་ཁུ་སིམ་སིམ་བྱས་ནས། ཉེ་འཁྲིས་ཀྱི་དགོན་པར་ཕྱིན། རྟེན་རེ་རེའི་མདུན་ན་རིམས་ནད་ཞི་བའི་སྨོན་ལམ་བཏབ། ང་བཞིན་མཇལ་མི་གཞན་དང་གཞན་ཡང་དེ་ལྟར་རེད་འདུག །

གནས་འདི་ན་དེ་རིང་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་མི་མང་འདུ་འཛོམས་བྱེད་ན་ཉེན་ཁ་ཡོད་པ་ལོས་ཡིན། དེ་བཞིན་དེ་རིང་ངས་རིམས་འདི་ལ་འཇིགས་ནས་གསུམ་བཅུའི་དུས་དྲན་ལ་སྲུང་གཙི་མ་བྱེད་ན་ཉེན་ཁའི་ནང་གི་ཉེན་ཁ་ཡིན། དེས་ན་ངས་ཉལ་ཁང་ལ་བསྡད་ནས་ལོ་ཡི་བགྲང་བྱ་རེ་གཅིག་གི་སྔ་རོལ་ཞིག་ན།  བདག་གི་སྤུན་ཟླ་ཁྲི་ཕྲག་མང་པོ་མི་འདོད་བཞིན་དུ་འཇིག་རྟེན་ཕྱི་མར་བརྫངས། ཕ་ཡུལ་གྱི་ནམ་མཁའ་དུད་སྤྲིན་གྱིས་གཡོགས། ཕ་ཡུལ་གྱི་ས་གཞི་ཁྲག་དྲོན་གྱིས་དམར་པོར་བཏང་བའི་ཉིན་མོ་དེ་དྲན་གསོ་བྱེད་ཀྱི་ཡིན། དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུ་དང་ལྔ་བཅུའི་འགོ་སྟོད་ལ་མདོ་སྟོད་སྨད་ཀྱི་བོད་པ་ཚོར་མི་སྤྱོད་ལས་འདས་པའི་སྡུག་བསྔལ་མྱངས་བའི་གནས་སྟངས་དང་། ཕྱི་ལོ་༡༩༥༩ལོའི་ཟླ་བ་༠༣པའི་ནང་གི་ལྷ་སའི་དོན་རྐྱེན་དང་། ༸གོང་ས་མཆོག་ལྷ་སའི་མཚོན་མོ་ཞིག་ལ་སྐྱ་ཆས་བཞེས་ནས་སྐུ་སྲུང་འགའ་དང་ལྷན། ཕོ་བྲང་ནོར་བུ་གླིང་ག་ནས་ལྷོ་ཕྱོགས་ལ་ཞལ་ཕྱོགས་ནས་ཕེབས་པའི་ཡིད་སྐྱོའི་བྱུང་རབས་ཀྱི་གནས་ཚུལ་དེ་དག་ངས་དྲན་གསོ་བྱེད་དགོས་ཀྱི་རེད། ཡང་རིག་གནས་གསར་བརྗེའི་སྐབས་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་དོན་སྙིང་ལྡན་པའི་དགོན་པ་བརྒྱ་ཆ་༩༠%ཙམ་གཏོར་བརླག་བཏང་ཡོད། གཞན་ཡང་རིག་གནས་གསར་བརྗེའི་སྐབས་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་ཉམས་ཉེས་བཏང་བའི་ཚད་ནི། གསབ་ཐབས་མེད་པའི་གྱོང་གུད་ཅིག་ཡིན། དེའི་ཐད་༸པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་ལོ་རབས་བརྒྱད་ཅུའི་ནང་། ད་བར་རྒྱ་ནག་གཞུང་གིས་ལོ་ངོ་བཞི་བཅུའི་རིང་བོད་དུ་འགྲོ་སོང་བཏང་བ་དེ། བློས་བཏང་བའི་རིན་ཐང་དང་བསྡུར་ན་བསྡུར་ཐབས་མེད་པའི་གྱོང་གུད་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་ནི། ཁྱོན་ལོ་ངོ་བཞིའི་གུང་ཁྲན་ཏང་གིས་དྲིལ་བསྒྲགས་བྱས་པའི་བདེན་མེད་གཞི་བྲལ་གྱི་རྫུན་གཏམ་གྱི་མཚང་རྟོལ་བ་ཞིག་ལས་མ་འདས། དེ་རིང་ནས་ཡར་འདེད་པའི་མི་ལོ་དྲུག་ཅུ་རེ་གཅིག་ནི། བཙན་པོས་ཉམས་ཆུང་གཉའ་གནོན་དང་། ཆེན་པོས་ཆུང་བར་བཙན་སྐུལ། སྡིགས་ར་དང་བཙན་ཁྲིད། དབྱེན་འབྱེད་འབའ་ཞིག་ལས། རང་དབང་དང་འདྲ་མཉམ། སྐྱིད་སྡུག་མཉམ་མྱོང་། མི་དང་མིའི་བར་ལ་དགོས་པའི་གཞི་རྩའི་འདུ་ཤེས་ཀྱི་རིན་ཐང་དག  གུང་ཁྲན་ཏང་གིས་སྒང་བ་བོད་ཀྱི་རིགས་ལ་ནམ་ཡང་སྤྲད་མེད་ཟེར་ན་ཧམ་བཤད་ལ་མི་འགྲོ།  རྒྱུ་མཚན་དེ་དག་ལ་བརྟེན་ནས་རིམས་ཀྱི་ཉེན་ཁ་ཆེ་ནའང་། ངས་གསུམ་བཅུའི་དུས་དྲན་ཅི་ནས་ཀྱང་སྲུང་གཙི་དགོས་པའི་གནད་དོན་ཞིག་ལ་ཆགས་པ་ཡིན། །

མི་ལོ་དྲུག་ཅུ་རེ་གཅིག་གི་དུས་ཡུན་ནང་། རང་རེའི་མི་རིགས་ལ་ཤ་ཚ་ཞིང་། རང་རེའི་གནད་དོན་ལ་ལྷག་བསམ་རྣམ་དག་གི་སྲི་ཞུའི་ལས་ལ་བརྩོན་པའི་བྱས་པ་ཅན་གྱི་རླབས་ཆེན་གྱི་མི་སྣ་མང་པོ་བཙོན་དོང་ལ་བཅུག དོན་མེད་ཉེས་འགེལ་ཉེས་བཙུགས་བྱས་ནས་སྲོག་གི་རྒྱུ་བ་བཅད་ཡོད།  དེའི་ཁྲོད་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་སྤྲུལ་༸པཎ་ཆེན་རིན་པོ་ཆེ་ལྟ་བུ་ནི། བོད་མི་རིགས་ཀྱི་ཆེས་བླ་ན་མེད་པའི་དད་གུས་བྱ་ས་གཉིས་ལས་གཅིག་ཡིན། ད་ལྟའི་ལྟ་བ་མཁྲེགས་འཛིན་ཅན་གྱི་རྒྱ་ནག་གི་ཆབ་སྲིད་ཚོགས་པ་དེས། ཁོང་༸པཎ་ཆེན་སྐུ་གོང་མ་དང་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་དབར་ལ་དབྱེན་དཀྲུག  ཁོང་གཉིས་ལ་བོད་མི་རིགས་ཀྱི་བཅངས་པའི་དད་གུས་ཀྱི་བསམ་པ་མིང་གི་ལྷག་མ་ཙམ་ལ་བཏང་ཕྱིར། གཞི་མེད་ཀྱི་སྐུར་འདེབས་ཀྱི་ཚིག་མཚོན་ཉིན་མཚན་གཉིས་ཀ་ལ་ཁ་གདངས་ནས་བཤད་ནའང་། བོད་མིའི་སེམས་ནང་ཁོང་༸སྐུ་མཆེད་གཉིས་ལ་བཅངས་པའི་ཡིད་ཆེས་ཀྱི་བསམ་པ་ཁབ་ཀྱི་རྩེ་མོའི་ཚད་ཙམ་ཡང་ཆུང་དུ་ཕྱིན་མེད། དེ་ལས་ལྡོག་སྟེ་ཁོང་གཉིས་ཀྱི་གཟི་བྱིན་གྱི་འོད་ཟེར་གོ་ལའི་ཕྱོགས་དང་མཚམས་ཡོད་ཚད་ལ་རྒྱས་ནས། བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གནད་དོན་ཞིག་ལ་འགྱུར་གྱིན་ཡོད་པ་དེར། སྙིང་གིས་མ་བཟོད་ནས་བོད་ནང་དོན་མེད་ཉམས་ཆུང་བོད་མི་མང་པོའི་འགྲོ་འདུག་གི་བྱ་བར་ཚོད་འཛིན་སྣ་ཚོགས་བཟོས་ནས་ཉིན་མཚན་འཁྱོལ་དཀའ་བའི་གནས་སུ་བཏང་། ཡང་༸པཎ་ཆེན་སྐུ་གོང་མ་དང་བོད་མིའི་དབར་གྱི་ཡིད་ཆེས་དང་དད་གུས་ཀྱི་སྦྲེལ་ཐག་བཙན་གྱིས་གཅོད་སླད། ཐོག་མར་གཞུང་བླ་བྲང་གཉིས་ལ་བར་ཆད་རིམ་བཟོ་དང་། དེ་ནས་མི་ལོ་དགུའི་རིང་རིག་གནས་གསར་བརྗེའི་སྐབས་ཉེས་མེད་ཉེས་བཙུགས་བྱས་ནས་བཙོན་རྭར་བཞུགས་དགོས་པའི་དབུ་མཉེལ་དང་། དེ་རྗེས་བཙོན་གྲོལ་ཐོབ་ནའང་། ༸པཎ་ཆེན་མཆོག་བོད་རིགས་ས་ཁུལ་དང་ཁ་ཐག་རིང་བའི་རྒྱ་གྲོང་ན་སྐུ་རྐྱང་ལ་བཞུགས་སུ་བཅུག    སྐྱ་སར་ཕབ་སྟེ་བོད་མི་ཚོར་ཆེད་གཉེར་དོན་མེད་ལབ་གླེང་བཟོས་ནས་ཡིད་ཆེས་བརླག་ཐབས་ཀྱི་འབད་བརྩོན་ལན་དགུ་ཆད་མཐུད་གནང་ནའང་། མཐའ་དོན་འབད་པ་འབྲས་མེད་ལ་གྱུར་ནས་བོད་མི་རིགས་ཀྱི་གཞིས་བྱེས་སྤྱི་ཚོགས་གཉིས་ཀའི་ནང་༸པཎ་ཆེན་ཁོང་གི་བཀའ་དྲིན་ནི། ད་དུང་ཡིད་ཀྱི་ཡོལ་བར་གོས་ཆེན་གྱི་རི་མོ་བཞིན་གསལ་ལྷམ་མེར་གནས་ནས་ཡོད། དེ་བཞིན་མི་རིགས་ཀྱི་ཐབས་རྩོད་པ་ཕུན་དབང་ལྟ་བུ་ཡང་མི་ལོ་ཧྲིལ་པོ་བཅོ་བརྒྱད་ཙམ་གྱི་རིང་ཁྲི་མུན་ལ་བཅུག་ནས། ཁོང་སྒེར་ཙམ་མ་ཟད། ཉེ་དུའི་བུ་ཕྲུག་དང་བཟའ་ཟླ་སོགས་ལ་བཟོད་དཀའ་བའི་སྡུག་བསྔལ་རྒྱུན་མཐུད་ནས་བཟོས་ཡོད། དེས་ན་ངས་དེ་རིང་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་བཞིན་པའི་རིམས་ནད་འདི་ལ་ཁག་བཀལ་ནས། གསུམ་བཅུའི་དུས་དྲན་ཡིད་ནས་གཏིང་བརྗེད་ལ་གཏང་ན། གང་ནས་འགྲིག ངས་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད། ཉལ་ཁང་གི་ནང་ལ་བྱེད། ལོ་རྒྱུས་ཀྱི་སྐྱོ་གར་རེ་རེ་བཞིན་ཡིད་ལ་དྲན་ནས་སྲུང་གཙི་བྱེད།།

མི་ལོ་དྲུག་ཅུ་རེ་གཅིག་གི་དུས་ཡུན་ནང་། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་མནར་གཅོད་ཀྱི་ལས་ངན་མ་སྤེལ་ས་གཅིག་ཀྱང་མེད། མཐོ་འབྲོག་ས་ལ་སྤེལ་ཡོད་ལ། དམའ་ཞིང་པའི་ས་ཁུལ་ལའང་སྤེལ་ཡོད། དེ་ཡང་<དུར་ས་འཚོལ་བའི་མི་>ཞེས་པའི་དཔེ་དེབ་ན། རྟ་ཟོག་དང་རྒྱུ་རྫས་ཚང་མ་འཕྲོག་ཅིང་ངེད་ཚོར་རྩམ་པ་ཅ་ནེ་གང་ཡང་མ་བཞག་པར་ཚང་མ་འཕྲོགས་སོང་ཞེས་པའི་སྐད་ཆ་ལས་ང་ཚོས་རྟོགས་ཐུབ་པ་ནི། རྒྱ་དམག་གིས་བོད་མིའི་ཚེ་སྲོག་འཕྲོག་པ་དེ་ལ་ད་དུང་ཡིད་མི་ཚིམས་པར། རྒྱུ་ནོར་དང་ཟོག་སེམས་ཅན་ཀུན་ཀྱང་དེད་ནས་བོད་མི་དབུལ་བོ་དབུལ་རྐྱང་ལ་བཏང་ཡོད། ཡང་<གནམ་ས་གོ་འབྱེད་>ལས། བོད་ཡུལ་བདུད་ཀྱི་བརྩོན་རར་བསྒྱུར་ཚུལ་ནི། ཡུལ་གྱི་མི་འབོར་སྟོང་ཕྲག་མང་པོ་ཟོག་ལུག་བཞིན་བཙོན་ལ་བསྡུས་པ་སྟེ། ཉེས་མེད་མི་རྣམས་རྩྭ་འབྲེག་འབྲེག་དང་ཤོག་སྒྲིལ་སྒྲིལ། པགས་པ་མཉེད་མཉེད་ཀྱིས་ཁྲི་མུན་བཙོན་ལ་མདའ་གསེབ་གསེབ་ཏུ་བརྫངས་ཤིང་། ལག་སྒྲོག་དང་རྐང་སྒྲོག་རྫོགས་པ་ན་རྣོ་སྐུད་དང་ལྕགས་སྐུད་ཀྱིས་ཚབ་བྱས་ཏེ་བསྒགས་ལྟ་བུ་མི་སྤྱོད་ལས་འདས་པའི་མནར་སྤྱོད་སྣ་དགུ་ང་ཚོའི་མི་རིགས་ཀྱི་སྤུན་ཟླ་གཅིག་གཉིས་ཙམ་མ་ཡིན་པར། སྟོང་ཕྲང་མང་པོར་ལག་བསྟར་བྱས་དང་བྱེད་བཞིན་ཡོད། དེ་དག་ནམ་ཡང་རྩམ་ཟན་པ་ང་ཚོས་བརྗེད་མི་ཉན་ལ། ལྷག་དོན་དེ་རིང་ནི་དེ་བས་ཀྱང་ལྷག་ཏུ་དྲན་དགོས་པའི་དུས་ཚོད་གནད་འགག་ཅན་ཞིག་རེད། རིམས་ནད་ཀྱི་ཉེན་ཚབས་ཇི་ཙམ་ཆེ་ནའང་། ང་ཚོའི་མི་རིགས་ཀྱི་སྐྱོ་གར་དེ་དག་ཡིད་ལ་དྲན་དགོས། ངས་དེ་རིང་དྲན་བཞིན་ཡོད། འདུག་སའི་ཉལ་ཁང་གི་ནང་ནས་དྲན་བཞིན་ཡོད།།
མདོར་ན་ངས་དྲན་བཞིན་ཡོད། མི་ལོ་དྲུག་ཅུའི་བོད་མི་རིགས་ཀྱི་སྡུག་བསྔལ་གྱི་ལོ་ཟླ་དྲན་བཞིན་ཡོད། རིམས་ནད་འདིས་བསླངས་པའི་སེམས་ཚབས་ཇི་ལྟར་ཆེ་ནའང་། ངས་ང་ཚོའི་ཕ་མེས་ཀྱིས་མྱངས་པའི་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ནང་གི་དམངས་གཙོའི་བཅོས་སྒྱུར་གྱི་ཟང་ཟིང་ལང་ལོང་གི་ཡོ་ལང་དང་། ༡༩༥༩ལྷ་སའི་ཆོལ་གསུམ་མི་མང་གི་ཞི་རྒོལ། ལོ་རབས་དྲུག་ཅུ་དང་བདུན་ཅུའི་རིག་གནས་གསར་བརྗེའི་སྐབས་ཀྱི་གཏོར་བརླག་དང་ཉེས་མེད་ཉེས་འཛུགས། ད་དུང་ལོ་རབས་བརྒྱད་ཅུའི་ནང་གི་ལྷ་སའི་ཞི་རྒོལ་དང་། པེ་ཅིང་གི་སློབ་ཕྲུག་གི་མང་གཙོའི་ལས་འགུལ། དེ་ནས་༢༠༠༨ལོའི་གསུམ་བཅུ་དུས་དྲན་ནས་འགོ་བཙུགས་པའི་ཆོལ་གསུམ་ཡར་ལངས་ཀྱི་ཞི་བའི་ངོ་རྒོལ་གྱི་སྙིང་སྟོབས། ད་དུང་དྲན་རིན་འོས་པ་གཞན་ཞིག་ལ། རང་ལུས་མེར་སྲེག་གནང་མཁན་གྱི་དཔའ་བོ་དཔའ་མོ་དེ་དག་རེ་རེའི་སྙིང་སྟོབས་དང་ཆོད་སེམས། བློས་གཏོང་གི་བསམ་པ་དེ་དག་དྲན་བཞིན་ཡོད། རིམས་ནད་ཀྱི་འཇིགས་པ་ཕྱི་ལོགས་ལ་ཇི་ཙམ་ཆེ་ནའང་། ངས་ནང་ལ་བསྡད་ནས་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་ཀྱི་ཡོད། སྔར་ལས་ལྷག་པའི་གསུམ་བཅུ་དུས་དྲན་ཞིག་སྲུང་གཙི་བྱེད་བཞིན་ཡོད། བོད་རྒྱལ་ལོ།

བསྐྱར་བཅོས།: ༢༠༢༠/༠༣/༡༡

Leave a Reply

3 thoughts on “    3/10 སྡུག་བསྔལ་ཉིས་བརྩེགས།

  1. ཚེ་བརྟན་འགྱུར་མེད།

    ༑ ལྷ་རུའི་བུ་ལགས་ཀྱི་ ༣།༡༠ སྡུག་བསྔལ་ཉིས་བརྩེགས་ཀྱི་རྩོམ་ཡིག་དེ་སྤྱིར་བོད་མི་ཡོངས་དང་ལྷག་དོན་རིག་གནས་གསར་བརྗེའི་སྐབས་སོགས་ནས་རྒྱའི་མནར་སྤྱོད་རྒྱུན་མར་མྱང་བའི་བོད་རིགས་སྤུན་ཟླ་རྣམས་སུ་དྲན་གསོ་གནད་དུ་ཕིབས་པ་ཞིག་ཡོང་རྒྱུ་ཡིན་འདུག་པ་ཐུགས་རྗེ་ཆེ།

    ཁྱེད་ནས་གསུམ་བཅུ་དུས་དྲན་ཐེངས་ ༦༡ བཞིན་ཉིས་སྡུག་རྐྱེན་ལས་ཉལ་ཁང་ནང་དྲན་གསོ་གནང་བ་དང་རྗེས་སུ་མགོན་པར་ཕེབས་ཐུབ་འདུག ས་གཞུང་ནས་བཀག་སྡོམས་མེད་ན་ནད་ཡམས་ལ་འཇིགས་ནས་སྐད་འབོད་དུ་ཕེབས་མེད་ན་ཉལ་ཁང་གིས་དྲན་གསོ་དེ་སྟོང་མིན་ཙམ་དང་ཁྱེད་ཀྱི་རྩོམ་དེ་བོད་ཡིག་ལ་མཁས་པའི་གྲགས་ངོམས་ཤིག་ཏུ་ངས་ངོས་མི་ལེན། དངོས་སུ་ད་ལོའི་གསུམ་དྲན་ལ་ངོས་གནས་ཡུལ་ལའང་ཕེབས་མི་སྔར་ལས་ཉུང་བ་འདུག ནད་ཡམས་ཀྱི་རྐྱེན་ལས་ཡིན་སྲིད་ཀྱང་བོད་ནང་རང་ལུས་མེ་སྲེག་ཞུ་མཁན་ལ་བློས་ཕོད་དམ། བོད་ནས་རྒྱ་དམར་གྱི་བཙན་པོ་དབང་ཡོད་ལས་རང་སྲོག་སོགས་ཆ་ཚང་བློས་གཏང་ནས་ཕྱི་ཡུལ་དུ་གྱར་ན་ཡང་རེ་རྟོགས་ལས་ཟབ་མཁན་ཡང་ཡོད་སྲིད། ཁྱེད་ཀྱི་ལོ་རྒྱུས་ནས་གནད་དོན་གཅིག་ལ་ངས་མོས་མཐུན་ཞུ་ཐུབ་དཀའ་ཡང་རྒྱ་མིས་བོད་པའི་ངོ་བོ་ཙམ་མེད་པ་བཟོ་བཞིན་ལ་སོང་ང་ཚོས་མགོ་མ་འཁོར་པའི་ཐོག་ནས་རང་ཡུལ་མཆེད་དུས་ཚོད་ནམ་རག་ལ་བརྩོད་རྒྱུ་མ་བརྗེད་པ་དགོས་པ་རང་དོན་རང་གཅེས་སོ། རྩོམ་ཡིག་ལ་སླར་ཐུགས་རྗེ་ཆེ་ཞུ་གི་ཡིན།།

  2. བསྟན་འཛིན་རབ་རྒྱས།

    ཕྱི་ལ་འདོན་སྟེ་རྒྱལ་ཞེན་གྱིས་སྐད་བརྒྱབ་པ་ལས་ཀྱང་ལྷག་པའི་ནང་སེམས་ཀྱི་རྒྱལ་ཞེན་ལ་བཅོས་ལྷད་མེད་པའི་ངར་ཤུགས་ཀྱིས་འདས་དོན་མང་པོ་ཞིག་དྲན་དུ་གསོས་ཤིང་། དྲན་གསོ་དེ་དག་ཡིད་ཀློང་ལ་བཞག་སྟེ་རང་ཁྱིམ་དུ་ཚོར་ཤུགས་འདྲེན་པའི་གདུང་སེམས་མཉམ་སྐྱེའི་རྩོམ་འབྲི་དང་ལྷན་དུ་སྲུང་བརྩི་ཞུ་བར་ཁོ་བོས་ཁྱེད་ལ་ཡི་རངས་ཞུ། བོད་རྒྱལ་ལོ།།

    1. ཚེ་བརྟན་འགྱུར་མེད།

      ༑ ཁོག་པའི་ནང་དུ་ནད་མེད་ན་གདོང་པར་དྲེག་པ་ཆགས་དགོས་དོན་མེད། ཅེས་རང་རེ་བོད་པའི་གཏམ་དཔེ་ཡོད། དེར་བརྟེན་སེམས་ནང་ནད་གཟུགས་ཡོད་ན་དེ་ཕྱི་ལ་ཐོན་རྒྱུ་ཆོས་ཉིད་ཡིན། ལྷག་པར་དུ་རྒྱ་དམར་གྱི་བོད་མི་རིགས་ལ་བཙན་པོ་དབང་ཡོད་གཏང་པའི་ནད་གཟུགས་དེ་སེམས་ནང་དྲན་གསོ་བརྒྱ་ཕྲག་མང་པོ་བཏང་པ་ལས་ཐེངས་གཅིག་ལས་ལས་ལས་ལས་ལས་ལས་མ་བྱུང་ཀྱང་སྐད་འབོད་སོགས་ཕྱི་རྣམ་འགྱུར་ལམ་ནས་་སྟོན་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟའི་རྣམ་འགྱུར་ནུས་པའང་ཆེ་ཆེར་ཆེར་ཆེར་ཆེར་ཟབ་པ་དང་ཕན་བསྒྱུར་ཆེ། ནང་སེམས་ནང་གཅིག་པུར་བསམ་བསྡད་ན་རྒྱ་དམར་པོའང་ཅི་བྱ་ཆ་མ་རྟོགས་པས་མཐར་བོད་པ་འདི་ཚོ་བེམ་པོ་མིན་ནམ་བསམ་སྲིད། བོད་པ་བེམ་པོ་མ་རེད་པ། ཕྱི་གླིང་དཔེ་ལའང། ལུས་ཀྱི་རྣམ་འགྱུུར་ནི་ཚིགས་ལས་ངར་གྲགས་ཆེ། ཟེར་པ་ལྟར་རོ།