རྒྱ་གར་གྱིས་རྒྱལ་ཁབ་གསུམ་གྱི་མཐོང་མཆན་བཀག

དེ་རིང་ཕྱི་ཚེས་ ༡༡ ཉིན་ནས་བཟུང་རྒྱ་གར་གཞུང་གིས་ཧྥ་རན་སི་དང་འཇར་མན། དེ་བཞིན་སི་པིན་བཅས་རྒྱལ་ཁབ་གསུམ་གྱི་མི་སེར་ལ་མཐོང་མཆན་སྤྲོད་མཚམས་བཞག་ཡོད་པ་རེད།དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་ནང་ཏོག་དབྱིབས་འགོས་ནད་ཁྱབ་བཞིན་ཡོད་པར་བརྟེན། རྒྱ་གར་ནང་ཡོང་མཁན་ཕྱི་རྒྱལ་གྱི་འགྲུལ་པ་རྣམས་ལ་གནམ་ཐང་དུ་ཏོག་དབྱིབས་འགོས་ནད་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། དམིགས་བསལ་ཡུ་རོབ་ནས་ཡོང་མཁན་ཚོར་བརྟག་དཔྱད་ནན་པོ་བྱེད་པ་མ་ཟད། ཧྥ་རན་སི་དང་འཇར་མན། དེ་བཞིན་སི་པིན་བཅས་རྒྱལ་ཁབ་གསུམ་གྱི་མི་སེར་ཚོས་དྲ་ཐོག་ནས་རྒྱ་གར་གྱི་མཐོང་མཆན་ཆེད་འགེང་ཤོག་བསྐང་རྒྱུ་གནས་སྐབས་མཚམས་བཞག་ཡོད་འདུག འོན་ཀྱང་། གལ་ཏེ་ལས་དོན་གལ་ཆེན་ཞིག་གི་ཆེད་རྒྱ་གར་དུ་མི་འགྲོ་ཀ་མེད་ཡིན་ན་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་གྱི་སྨན་ཁང་ནས་ཏོག་དབྱིབས་འགོས་ནད་མེད་པའི་ངོས་སྦྱོར་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་འགོས་ནད་ཕོག་པའི་ནད་པ་ཉུང་མཐར་མི་གྲངས་ ༥༠ ལྷག་འདུག

ཁ་སང་རྒྱ་གར་གྲོས་ཚོགས་གོང་འོག་གྱི་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་མི་རྣམ་པས་རྒྱ་གར་ནང་ཏོག་དབྱིབས་ཀྱི་ནད་པ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཐད་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། ཚོགས་འདུ་དེ་གྲོལ་རྗེས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བའི་ནང་། ད་ལྟ་བར་ཕྱི་རྒྱལ་ཁག་གི་མི་སེར་ཚོས་དྲ་ཐོག་དང་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་རྒྱ་གར་དོན་གཅོད་བརྒྱུད་མཐོང་མཆན་ཞུ་པར་བཀག་འགོག་མེད་པར་སྤྲད་ཀྱི་ཡོད་ཀྱང་། ད་ལན་ཏོག་དབྱིབས་ཀྱི་ནད་གཞི་དེའི་རྐྱེན་པས་མཐོང་མཆན་སྤྲོད་པར་གནས་སྐབས་རིང་དམ་དྲག་བྱེད་དགོས་བྱུང་ཞིང་། ལྷག་པར་དུ་ཧྥ་རན་སི་དང་འཇར་མན། དེ་བཞིན་སི་པིན་བཅས་རྒྱལ་ཁབ་གསུམ་གྱི་མི་སེར་ཁག་ཅིག་གིས། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་གོང་ནས་ཞུས་པའི་མཐོང་མཆན་ཁག་ཀྱང་རྩིས་མེད་བཏང་ཡོད། ཅེས་བསྒྲགས་འདུག

ཏོག་དབྱིབས་འགོས་ནད་གཞི་དེ་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁག་ ༡༢༠ ཙམ་གྱི་ནང་ཁྱབ་ཡོད་པ་དང་། མི་གྲངས་འབུམ་གཅིག་བརྒལ་བར་ན་ཚ་དེ་ཕོག་ཡོད་པ་དང་། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཏོག་དབྱིབས་འགོས་ནད་ཅན་མང་པོ་ཞིག་རྒྱ་ནག་ནང་དྲག་སྐྱེད་འབྱུང་བཞིན་ཡོད་ཀྱང་། ཡུ་རོབ་རྒྱལ་ཁབ་ཁག་ནང་འགོས་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་རྗེས་ནས་འགོས་ནད་ཁྱབ་ཆེ་ཤོས་ཨི་ཏ་ལི་རྒྱལ་ཁབ་ཀྱི་ནང་འགོས་ནད་དེས་ཉུང་མཐར་མི་གྲངས་ ༦༣༡ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༡༠༡༤༩ ལྷག་ལ་འགོས་ནད་དེ་ཕོག་ཡོད་འདུག དེ་བཞིན་ལྷོ་ཀོ་རི་ཡའི་ནང་མི་གྲངས་ ༧༧༥༥ ལ་འགོས་ནད་བྱུང་ཡོད་པ་དང་མི་གྲངས་ ༦༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག

ལྡི་ལིའི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༡༡

Leave a Reply