ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་རྭ་རྒྱ་བསྟན་འཛིན་ནམ་རྨ་དུག་ལྕེ་ལགས།

རྭ་རྒྱ་བསྟན་འཛིན་ལགས་ཀྱིས་སྲིད་སྐྱོང་འོས་མིར་ལངས་དགོས་པའི་དམིགས་ཡུལ་གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྲིད་སྐྱོང་ལ་ལངས་ན་བཀའ་ཟུར་དང་སྤྱི་ཟུར་སོགས་ཡིན་དགོས་པའི་ལོག་རྟོག་བསལ་ནས་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་ཡོང་ཆེད་ཡིན་སྐོར་གསུངས་བྱུང་།

ཁ་སང་ཕྱི་ཚེས་ ༡༠ ཉིན། བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན་རྭ་རྒྱ་བསྟན་འཛིན་ནམ་སྨྱུག་མིང་ལ་རྨ་དུག་ལྕེ་ལགས་ཀྱིས།  ཁོང་རང་སྒེར་གྱི་ངོ་དེབ་སྤྱི་ཚོགས་དྲ་ལམ་བརྒྱུད་ཁོང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་དངོས་སུ་ལངས་པ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལྟར། འདི་ག་དུས་བབ་གསར་འགོད་པས་ཁོང་ལ་འབྲེལ་བ་བྱས་ཏེ་སྲིད་སྐྱོང་ལ་ལངས་པའི་ཁྱབ་བསྒྲགས་དེ་དངོས་བདེན་ཡིན་མིན་དྲིས་པར་ཁོང་གིས་ལངས་ཀྱི་ཡོད་སྐོར་གསུངས་བྱུང་ལ། ཁོང་གིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་བའི་གསལ་བསྒྲགས་ནང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་སྟེ། རང་ཅག་ཁ་བ་ཅན་གྱི་མགོ་བོ་ཁྲག་ལ་བསྒྲེས་པའི་ཉིན་མོ་དང་བསྟུན། རྭ་རྒྱ་བསྟན་འཛིན་ནམ་རྨ་དུག་ལྕེ་བོད་རྒྱལ་ཁབ་ཆེན་པོའི་རང་དབང་སླར་གསོའི་ཆེད། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ལ། རྣམ་པ་ཚོས་རྒྱབ་སྐྱོར་བྱོས་དང་ང་ཚོས་མཉམ་དུ་རྒྱལ་ཁབ་སླར་གསོ་བྱ་ཞེས་བསྒྲགས་འདུག

སྲིད་སྐྱོང་འོས་མིར་བཞེངས་པའི་དགོས་དམིགས་ག་རེ་ཡིན་དྲིས་པར་ཁོང་གིས། ང་སྲིད་སྐྱོང་འོས་མིར་ལངས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་དེ་སྔོན་བཀའ་བློན་དང་སྲིད་སྐྱོང་སོགས་ཀྱིས་སྣང་མེད་དུ་ལྷག་ཤིང་། བོད་མི་རིགས་ལ་ཧ་ཅང་གལ་འགངས་ཆེ་བའི་བྱ་བཞག་འགའ་བསྒྲུབ་ཆེད་ཡིན་ལ། བཙན་བྱོལ་བོད་མིའི་ཁྲོད་སྲིད་སྐྱོང་ལ་ལངས་ན་བཀའ་ཟུར་དང་སྤྱི་ཟུར་སོགས་ཡིན་དགོས་པའི་ལོག་རྟོག་བསལ་ནས་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་སྲིད་སྐྱོང་འོས་མིར་ལངས་ཆེད་ཡིན། ཞེས་དང་། ངའི་ཆབ་སྲིད་ཀྱི་ལྟ་གྲུབ་ནི་དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་བར་གྱི་དབུ་མའི་ལམ་ཞིག་གི་སྟེང་ནས་མདུན་སྐྱོད་བྱ་རྩིས་ཡོད། དེ་ནི་མདུང་རྩེ་གཉིས་ཤིག་དང་འདྲ་བར་མདུན་རྒྱབ་གཉིས་ཀར་ཕན་ཐོགས་པའི་ཡིད་ཆེས་ཡོད། ལངས་ཕྱོགས་ཡང་དེ་བཞིན་ཡིན། ཞེས་གསུངས་བྱུང་།

ད་ལྟ་བར་ཁོང་ལ་སྒྲིག་འཛུགས་དང་ཚོགས་པ་སོགས་ཀྱི་ནང་འཛིན་སྐྱོང་གི་ཉམས་མྱོང་མེད་པས། གལ་སྲིད་སྲིད་སྐྱོང་ཐོབ་པ་ཡིན་ན་མགོ་འཁྲིད་ཀྱི་ནུས་པའི་ཕྱོགས་ནས་དཀའ་ངལ་ཡོད་པ་རེད་བསམ་ཀྱི་འདུག་མིན་དྲིས་པར་ཁོང་གིས། དྲི་བ་དེ་ཧ་ཅང་གནད་འགག་ཅིག་ཡིན་པ་དང་། ང་ལ་མཚོན་ན་དཀའ་ངལ་འདི་ལ་ཡང་ཡང་བསམ་བློ་གཏོང་གིན་ཡོད་ལ། མ་འོངས་པར་འོས་ཐོབ་རྗེས་ཆེད་དུ་ཉམས་མྱོང་ཅན་གྱི་བཀའ་ཟུར་དང་ཚོགས་ཟུར་མང་དག་སློབ་སྟོན་པར་གདན་འདྲེན་ཞུ་རྩིས་ཡོད་ལ། དུས་ཚོད་གང་འཚམ་སྤྱད་ནས་འདིའི་ཕྱོགས་ལ་ཟབ་སྦྱོང་དང་རྒྱུས་ལོན་བྱ་རྩིས་ཡོད། ཅེས་དང་། མ་འོངས་པར་རྒྱལ་ཁ་ཐོབ་པ་ཡིན་ན་ངའི་བཀའ་ཤག་གི་ལས་ཀ་གཙོ་བོ་དེ་བཙན་བྱོལ་བའི་སྟོབས་ཤུགས་སླར་གསོ་བྱ་རྒྱུ་དེ་ཡིན་ལ། དེ་ཡང་ཁ་གསལ་ཙམ་ཞུས་ན་ཁ་ཡོད་ལག་ཡོད་ཐོག་མཐུན་ལམ་གོང་འཕེལ་དང་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་ཡིན། ཞེས་གསུངས་བྱུང་།

མཇུག་ཏུ་ཁོང་ལ་འོས་བསྡུའི་དྲིལ་བསྒྲགས་སྐོར་སྐྱོད་སོགས་ག་དུས་ནས་མགོ་འཛུགས་རྒྱུ་ཡིན་དྲིས་པར། འོས་བསྡུའི་དྲིལ་བསྒྲགས་ད་དུང་དམིགས་བསལ་ཟླ་ཚེས་གཏན་ཁེལ་བྱས་མེད་ལ། མ་འོངས་པར་ཡུལ་ལུང་གང་སར་འགྲིམས་ནས་འོས་ཤོག་སློང་འཆར་མེད་པར་གཙོ་བོ་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་དྲིལ་བསྒྲགས་བྱ་རྩིས་ཡོད་སྐོར་གསུངས་བྱུང་།

རྭ་རྒྱ་བསྟན་འཛིན་ནམ་རྨ་དུག་ལྕེ་ལགས་ནི་ཕྱི་ལོ་ ༡༩༧༧ ལོའི་ཟླ་ ༤ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་རྭ་རྒྱ་རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་འབྱོར་ཡོད་པ་དང་ཕྱི་ལོ་ ༢༠༡༠ ལོར་ཧྥ་རན་སིར་སོང་སྟེ། ད་ལྟའི་ཆར་ཧྥ་རན་སིའི་རྒྱལ་ས་ཕ་རི་སར་གནས་སྡོད་བྱེད་བཞིན་ཡོད་པ་དང་། ཁོང་གིས་དུས་རྒྱུན་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་གནད་དོན་འདྲ་མིན་ཐོག་དཔྱད་གཏམ་མང་པོ་སྤེལ་ཡོད་པ་དང་། བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་དྲ་རྒྱ་སོགས་སུ་རིག་གནས་དང་སྤྱི་ཚོགས་ཀྱི་གནད་དོན་འདྲ་མིན་ཐད་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ་གླེང་སློང་རིགས་མང་པོ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༡༡

Leave a Reply

8 thoughts on “ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་རྭ་རྒྱ་བསྟན་འཛིན་ནམ་རྨ་དུག་ལྕེ་ལགས།

  1. རྨ་དུག་ལྕེ་ལགས། ད་བཞུགས་ན་ཡག་ཆེ་འགི སྤྱི་ཚོགས་དྲ་ལམ་ན་ཁྱེད་རང་དང་། བོང་རྫི་གཉིས་དཀའ་ངལ་དེ་གསལ་བསྡད་ན་དེ་ཡག་པ་མི་འདུག་གམ།

  2. བདེ་སྦྱིན་མ།

    རྨ་དུག་ལྕེ་ཟེར་བའི་སྐད་འཕྲིན་ཚོགས་པའི་ནང་དུ་ཉོག་གཏམ་བཤད་མཁན་དེ་ཡིན་ན་འོས་མི་འཕེན་ཁོ་ཐག་ཡིན།