ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་གསུམ་བཅུའི་དུས་དྲན་ཉིན་གསུང་འཕྲིན་གནང་།

ཨ་རིའི་གྲོས་ཚོགས་འོག་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་སོགས་གནད་ཡོད་མི་སྣ་ཁག་ཅིག་ནས་གསུམ་བཅུའི་དུས་དྲན་ཉིན་བོད་མིར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་གསུང་འཕྲིན་སྤེལ་གནང་འདུག

རྒྱ་ནག་གི་ཏོག་དབྱིབས་འགོས་ནད་ད་ལྟ་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ ༡༢༠ ཙམ་ནང་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས། རྒྱལ་ཁབ་མང་པོས་རང་ཁོངས་ཀྱི་མི་མང་རྣམས་ལ་འདུ་འཛོམས་རིགས་གང་ཉུང་ཉུང་བྱེད་དགོས་པའི་འབོད་སྐུལ་དང་བཀོད་ཁྱབ་གཏོང་གི་ཡོད་མེད་ལ་མ་ལྟོས་པར། ཁ་སང་བོད་མིའི་སྒྲིག་འཛུགས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ནས་སྔར་རྒྱུན་བཞིན་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་གཙི་བྱས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གི་དབུས་པའི་གནད་ཡོད་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་གིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་འདུག

ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ནས་སྤེལ་བའི་བསྒྲགས་གཏམ་ནང་། རྒྱ་ནག་གིས་བོད་མིའི་ཆོས་དད་རང་མོས་དང་། རིག་གཞུང་རྒྱུན་སྲོལ། སྨྲ་བརྗོད་རང་དབང་བཅས་པར་དྲག་གནོན་བྱེད་ཀྱིན་པ་དེ་ནི་འཛམ་གླིང་གིས་གདོང་ལེན་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། ལོ་ངོ་བཅུ་ཕྲག་འགའི་རིང་སྡུག་སྦྱོང་མྱངས་མིན་ལ་མ་ལྟོས་པར་བོད་མིའི་ཆོས་དད་དང་། རེ་བ། ཨུ་ཚུགས་མཐའ་སྐྱེལ་བཅས་ཀྱིས་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་དེ་ཉིད་སྔར་བས་ནུས་སྟོབས་རྒྱས་སུ་བཅུག་ཡོད། ཁོང་ཚོའི་ཞུམ་པ་མེད་པའི་འཐབ་རྩོད་ཀྱིས་ཞི་བདེ་ལ་མོས་པའི་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད། ཅེས་དང་། ༧གོང་ས་མཆོག་གི་ཞི་བདེའི་ལམ་སྟོན་དག་གིས་ང་ཚོར་ཉིན་ལྟར་ལག་ལེན་བསྟར་རྒྱུའི་སྐུལ་མ་བྱེད་ཀྱི་ཡོད། ཨ་རིའི་གྲོས་ཚོགས་འོག་མའི་སྲིད་དོན་ཚོགས་པ་གཉིས་ཀྱིས་མཉམ་མཐུན་གྱི་སྒོ་ནས་བོད་དོན་རྒྱབ་སྐྱོར་གྱི་ཆེད། ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཁྲིམས་གཏན་འབེབ་བྱས་ཡོད་ལ། དེའི་འོག་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐག་གཅོད་གང་ཡིན་རུང་བོད་མིའི་ནང་བསྟན་དབུ་འཁྲིད་ཁོ་ན་ལས་རྒྱ་ནག་གཞུང་གིས་དེར་ཐད་བྱུས་བྱ་མི་ཉན་པ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཤིག་ཏུ་གཏན་འབེབ་བྱས་ཡོད། ཅེས་སོགས་གསུངས་འདུག

དེ་བཞིན་ཁ་སང་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་གྱི་གོ་སྒྲིག་འོག  ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལྟེ་བ་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་དང་གོམ་བགྲོད་ལས་འགུལ་ཞིག་སྤེལ་བའི་སྟེང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱི་གཙོས་བོད་མི་ལས་འགུལ་བ་དང་ཕྱི་མི་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་གཅིག་ལྷག་མཉམ་ཞུགས་བྱས་ཡོད་པ་མ་ཟད། ལས་འགུལ་ཐོག་ཨ་རིའི་གྲོས་ཚོགས་ཀྱི་འཛིན་སྐྱོང་ཚོགས་ཆུང་གི་རྒྱ་ནག་དབྱེ་ཞིབ་པ་ཇེན་ས་ལེན་ (Jen Salen) ལགས་ཀྱིས། ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་ཀྱིས་གསུམ་བཅུའི་དུས་དྲན་ལ་ཆེད་དུ་གནང་བའི་བསྒྲགས་གཏམ་སྒྲོག་སྦྱངས་གནང་དོན། དེ་རིང་འཛམ་གླིང་ས་ཁྱོགས་གང་སར་ཁྱབ་པའི་བོད་མི་རྣམས་ཀྱིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་གཙི་བྱེད་ཀྱི་ཡོད། ཉིན་དེར་བོད་མི་མང་པོས་རང་སྲོག་ཤོར་ཡོད་པ་མ་ཟད། ༧གོང་ས་མཆོག་གི་དབུས་པའི་བོད་མི་སྟོང་ཕྲག་མང་པོ་རང་ཡུལ་བསྐྱུར་ཏེ་བཙན་བྱོལ་དུ་གྱར་དགོས་བྱུང་ཡོད། དེ་རིང་ངས་ཁྱེད་ཚོ་དང་འཛམ་གླིང་གང་སར་གནས་འཁོད་བོད་མི་ཡོངས་ཀྱིས། བོད་ནང་གི་བོད་མི་ཚོར་རང་གི་གཞི་རྩའི་ཐོབ་ཐང་དང་། རང་སྐད་འཆད་སྦྱོང་བྱ་རྒྱུ། རང་གི་རིག་གཞུང་སྲུང་སྐྱོབ། དེ་བཞིན་རང་གི་ས་ཆུ་བཀོད་འདོམས་དང་། རྒྱལ་ཁབ་ཕྱི་ནང་དུ་འགྲུལ་སྐྱོད། རང་གི་ཆོས་ལུགས་དབུ་འཁྲིད་འདེམས་ཐུབ་རྒྱུ་བཅས་ཀྱི་ཆེད་འཐབ་རྩོད་བྱེད་བཞིན་པ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད།ཅེས་གསུངས་འདུག

དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གསར་པ་ཨེ་ལེག་ཛེན་ཌ་རི་ཡ་ཨོ་ཁ་ཤིའོ་ཁོར་ཊེ་ཛི་ (Alexandria Ocasio-Cortez) བོད་མིའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་གནང་བའི་ནང་། ལོ་ངོ་བཅུ་ཕྲག་རིང་བོད་མིས་སྙིང་སྟོབས་ཆེན་པོས་རང་དབང་ཆེད་འཐབ་རྩོད་བྱས་ཡོད། བོད་མིའི་རྒྱབ་ལ་ལངས་ཏེ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་བྱ་རྒྱུ་ནི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་མཁན་ང་ཚོ་ཚང་མའི་འོས་འགན་ཆགས་ཡོད། ནེའུ་ཡོག་རྫོང་གཞི་ ༡༤ དང་ཨ་རི་རྒྱལ་ཡོངས་ནང་གནས་སྡོད་བོད་མི་རྣམས་ཀྱིས་དྲག་གནོན་ལ་ཕར་རྒོལ་བྱེད་བཞིན་པ་དེར་ང་རང་དགའ་སྤོབས་སྐྱེ་བཞིན་ཡོད། ཅེས་གསུངས་འདུག

གཞན་ཡང་ཁ་སང་ཁེ་ན་ཌའི་གྲོས་ཚོགས་ར་བའི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་གྷར་ནི་ཊི་ཇི་ནུ་སི་ (Garnett Genuis) ལགས་ཀྱིས་བོད་མིའི་འཐབ་རྩོད་ནི་དམིགས་བསལ་ཞིག་ཡིན་པ་དང་། བོད་མིས་དྲག་གནོན་གྱི་ལན་དུ་འཚེ་བའི་ཐབས་ལམ་སྤྱོད་ཀྱི་མེད་པར། རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་སྐོར་དང་། རྒྱ་ནག་གི་དྲག་གནོན་ལ་མ་ལྟོས་པར་བོད་ཕྱི་ནང་གི་བོད་མི་ཚོའི་སེམས་སྔར་མུས་བཞིན་གནས་ཡོད་སྐོར་གསུངས་ཡོད་འདུག

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་དང་། དྲུང་ཆེ་བསོད་ནམས་ཚེ་རིང་གཉིས་ཀྱིས་སྣེ་འཁྲིད་པའི་ལྡི་ལི་རོ་ཧི་ནིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་མཐོ་རིམ་སློབ་གཉེར་བ་བཅས་ཁྱོན་བོད་མི་ ༡༡ གིས། རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་མཆོང་རྒོལ་ལས་འགུལ་སྤེལ་སྐབས། ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཁུལ་དེའི་མན་དྷིར་མག་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་ཀྱང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ལ་ལས་འགུལ་བ་ཚང་མ་ཀློད་གྲོལ་བཏང་ཡོད་འདུག
གཞན་ཡང་། ཁ་སང་ས་གནས་འབྲས་ལྗོངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཁུལ་དེའི་བོད་མི་ ༦༡ ལྷག་གིས་འབྲང་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་ས་ལུ་གྷ་ར་(Salugara) བར་སྦག་སྦག་སྐོར་སྐྱོད་བྱས་ཏེ། བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་གཙི་བྱས་ཡོད་འདུག དེ་བཞིན་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་བྷ་རོ་ཌ་དང་། སྦེང་ལོར། ཅེ་ནའེ་བཅས་སུ་ཡང་ས་གནས་གཞོན་ནུ་ལྷན་ཚོགས་དང་ས་གནས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་པ་ཁག་གིས་རྔམ་སྟོན་ཁྲོམ་སྐོར་གྱི་སྐད་འབོད་ལུས་འགུལ་སྤེལ་ཡོད་འདུག

བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན། ཨོ་གླིང་གི་རྒྱལ་ས་སིཌ་ནི་དང་། ནིའུ་ཝལ་སི། ཁྱུན་སི་ལེན་ཌི་གྲོང་ཁྱེར་བཅས་སུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཐའེ་ཝན་དང་ཨོ་སི་ཊོ་ལི་ཡ། ནོར་ཝེ། ཁ་ན་ཌའི་ཊོ་རོན་ཊོ་གྲོང་ཁྱེར། ནེའུ་ཛི་ལན་ཌི། ཧྥ་རན་སི་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་གསུམ་བཅུའི་ལས་འགུལ་འདྲ་མིན་སྤེལ་ཡོད་འདུག ཡིན་ན་ཡང་འདི་ལོར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་སུད་སི་གཙོ་བོར་གྱུར་བའི་ཡུ་རོབ་ཁུལ་དུ་སྔར་ལོ་བཞིན་སྐད་འབོད་ལས་འགུལ་ཤུགས་ཆེན་སྤེལ་ཐུབ་མེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༡༡

Leave a Reply