རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་ལ་རྒོལ་ལན་སྤྲད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་ནས་ཡུལ་དེའི་རྒྱ་ནག་གཞུང་ཚབ་པས་ཉེན་བརྡ་བཏང་བ་དེ་རྩ་བ་ནས་དྭང་ལེན་གནང་རྒྱུ་མིན་པ་མ་ཟད་གཞུང་ཚབ་པ་དེ་བརྗེ་དགོས་སྐོར་གསུངས།ཉེ་སྔོན་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཅེག་གཞུང་ལ་ཉེས་ཆོད་ཕོག་སྲིད་པའི་ཉེན་བརྡ་བཏང་ཡོད་པར་བརྟེན། ཁ་སང་ཡུལ་དེའི་སྲིད་བློན་ཨན་དྷེ་རེ་ཇི་བྷ་བྷི་སི་ (Andrej Babis) གྱིས་གནས་བབ་དེ་འདྲ་ཞིག་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཞན་ཏུ་གཏོང་སྲིད་པས། རྒྱ་ནག་གཞུང་གིས་ཅེག་ནང་བཅའ་སྡོད་གཞུང་ཚབ་པ་བརྗེ་དགོས་སྐོར་གསུངས་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་ཨན་དྷེ་རེ་ཇི་བྷ་བྷི་སི་ (Andrej Babis) ལགས་ནས་རྒྱ་ནག་གི་གཞུང་ཚབ་པ་དེ་ནི་མ་འདྲ་བ་ཞིག་ཡིན་འདུག་པ་དང་། ཁོས་བྲིས་པའི་ཡི་གེ་དེར་ངོས་ལེན་རྩ་བ་ཉིད་ནས་བྱེད་ཐབས་མེད་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་ཞིག་རེད། ཅེས་གསུངས་ཏེ། རྒྱ་ནག་གཞུང་གི་གནོན་ཤུགས་ལ་མགོ་བསྒུར་རྒྱུ་མིན་སྐོར་ས་གནས་ཀྱི་བརྙན་འཕྲིན་ཞིག་གི་ནང་གསུངས་པར་དྲ་ཐོག་ནས་ཡུལ་མི་མང་པོས་དགའ་བསུ་ཐོབ་ཡོད་འདུག་ལ། ཁ་ན་ཌ་དང་དབྱིན་ཡུལ། སི་ཝེ་ཊན་སོགས་ཀྱི་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཁག་གིས་ཀྱང་རྒྱལ་ཁབ་སོ་སོར་གནོན་ཤུགས་སྤྲོད་བཞིན་པར་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་མི་མང་གིས་སྲིད་འཛིན་ཞི་ཅིན་ཕིན་བརྗེ་དགོས་སྐོར་བརྗོད་ཀྱི་ཡོད་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་སུ་འབྱོར་བའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེན་བརྡ་དེ་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་བཏང་བ་ཞིག་ཡིན་འདུག་པ་དང་། དེའི་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོང་ཁང་ཁག་གི་སྐུ་ཚབ་རྣམས་གྲོས་ཚོགས་ཀྱི་ཚོགས་གཙོ་ཇཱ་རོ་སི་ལེབ་ཀུ་བྷེ་ར་ (Jaroslav Kubera) ལགས་དང་ལྷན་དུ་ཐའེ་ཝན་ལ་ཕྱིན་ཚེ། རྒྱ་ནག་དང་རྒྱ་ནག་མི་མང་གིས་དགའ་བསུ་ཞུ་རྒྱུ་མིན་སྐོར་དང་། རྒྱ་ནག་ནང་ཡོད་པའི་ཅེག་རྒྱལ་ཁབ་ཀྱི་བཟོ་ཚོང་ཁང་ཝོལ་སི་ཊཝོ་གན་ (Volkswagen) དང་ ཤི་ཁོ་ཌ་རླངས་འཁོར་ (Skoda Auto) དང་ (Home Credit Group) སོགས་མིང་འདོན་བྱས་ཏེ། དཔལ་འབྱོར་ཀྱི་ཉེས་ཆད་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

འོན་ཀྱང་སྐབས་དེའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཇཱ་རོ་སི་ལེབ་ཀུ་བྷེ་ར་ (Jaroslav Kubera) ལགས་ཐའེ་ཝན་ལ་གཞུང་འབྲེལ་འཚམས་གཟིགས་སུ་མ་ཕེབས་སྔོན་ཏེ། ཕྱི་ཟླ་ ༡ ཚེས་ ༢༠ ཉིན་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རོའུ་ཊར་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། ཅེག་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་མི་ལོ་སི་ཝིས་ཊི་སིལ་ (Milos Vystrcil) ལགས་ནས་ཀྱང་། ཡུལ་དེའི་རྒྱ་ནག་གཞུང་ཚབ་པ་ཀྲང་ཅན་མིན་ (Zhang Jianmin) བརྗེ་དགོས་པའི་དགོས་འདུན་འདོན་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་གནད་དོན་དེའི་ཐད་ཐའེ་ཝན་ཕྱི་འབྲེལ་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་གནོན་ཤུགས་ལ་མ་བལྟོས་པར་ཐའེ་ཝན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དམ་ཟབ་དུ་གཏོང་རྒྱུ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་ཅེག་གཞུང་ལ་གནོན་ཤུགས་སྤྲོད་བཞིན་པ་དེ་ཡིས་རྒྱུད་གཅིག་ལམ་གཅིག་ནི་རྒྱལ་ཁབ་གཞན་ལ་བཙན་ཤེད་བཀོལ་བའི་སྲིད་བྱུས་ཤིག་ཡིན་པ་མཚོན་གྱི་ཡོད་སྐོར་བརྗོད་འདུག

འདས་ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་འབྲེལ་ལམ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། བོད་ཀྱི་རྒྱལ་དར་གྲོས་ཚོགས་མདུན་དུ་བསྒྲེངས་ཏེ་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་ཤུགས་ཆེ་རུ་ཕྱིན་ཡོད་ལ། འདི་ལོའི་བཞུགས་སྒར་དྷ་སའི་གཞུང་འབྲེལ་གྱི་གསུམ་བཅུ་དུས་དྲན་མཛད་སྒོའི་ཐོག ཅེག་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Frantisek Kopriva) མཆོག་ཕེབས་ཡོད་པ་དང་། ཉིན་དེར་ཡུལ་དེའི་གྲོས་ཚོགས་འཐུས་མིའི་ནང་བོད་དོན་རྒྱབ་སྐྱོར་བ་གྲངས་ ༥༣ ཙམ་ཡོད་པ་ཕལ་མོ་ཆེས་མཚན་རྟགས་བརྒྱབ་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་དང་བོད་ཕྱི་ན་ཡོད་པའི་བོད་མི། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དང་། དྲང་བདེན་དང་རང་དབང་འཐབ་རྩོད་ཆེད་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡག་པོ་མུ་མཐུད་ཇེ་ཟབ་ཏུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༡༡

Leave a Reply