དབུས་འོས་བསྡུ་ལས་ཁང་ནས་གལ་ཆེའི་གསལ་བསྒྲགས་གནང་།

བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་མགོ་མ་ཚུགས་གོང་འོས་གཞི་ཡིན་ལུགས་ཀྱི་དྲིལ་བསྒྲགས་བྱེད་མཁན་ཚོ་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་པའི་གསལ་བསྒྲགས་གནང་འདུག
ཕྱི་དྲོར་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལས་ཁང་གིས། ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ནས་འོས་བསྡུ་ལས་ཁང་གིས་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་མགོ་མ་ཚུགས་གོང་དུ། སྤྱི་ཚོགས་དྲ་ལམ་ཁག་ནང་འོས་གཞི་ཡིན་ལུགས་བསྒྲགས་མཁན་ཚོ། འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་པས་སླད་ཕྱིན་མུ་མཐུད་དེ་ལྟར་བྱས་ན་སྒྲིག་གཞི་ལྟར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་ཡང་གསལ་བསྒྲགས་ནང་། ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་ནང་འབྱུང་འགྱུར་སྲིད་སྐྱོང་གི་འོས་གཞི་ཡིན་ལུགས་མང་ཚོགས་ནང་གནས་ཚུལ་ཁྱབ་གདལ་འགྲོ་བཞིན་འདུག་པ་འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་དང་ཡོངས་སུ་འགལ་བའི་གནས་དོན་ཚབས་ཆེན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། ཅེས་བཀོད་འདུག

ཡང་འོས་བསྡུའི་སྒྲིག་ཁྲིམས་དང་འགལ་ཡོད་པའི་སྐོར་ལ་གསལ་བསྒྲགས་ནང་། བྱེས་འཁོད་མང་ཚོགས་ནས་གསལ་པོ་མཁྱེན་དགོས་པ་ཞིག་ལ། བཙན་བྱོལ་བོད་མིའི་བཅའ་འཁྲིམས་ལེའུ་ ༨ པའི་དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ ཀ་པ་དང་། འོས་བསྡུའི་སྒྲིག་གཞིའི་ལེའུ་ ༤ པའི་དོན་ཚན་ ༥༣ པའི་ནང་ “སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་དོན་འགོ་འཛུགས་བྱེད་པ་དང་ ” ཞེས་དང་། ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༩ པའི་ནང་ “སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས།” བཅས་ཁྲིམས་སྒྲིག་ཁག་ལ་ཉམས་ལེན་ཚུལ་མཐུན་མ་བྱུང་བའི་འགལ་འཛོལ་ཞིག་ལ་སོང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཆགས་ཁག་ནས་ཡིད་གཟབ་བྱ་དགོས་ནན་བསྐུལ་དང་། གལ་ཏེ་ད་དུང་གནས་དོན་འདི་རིགས་འཐོན་ཚེ་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་ཡན་པོར་མ་སོང་བ་བྱ་ངེས་ཡིན། ཞེས་གསུངས་འདུག

མཇུག་ཏུ་མང་ཚོགས་ལ་འབོད་སྐུལ་དུ། རྒྱ་ཆེ་མང་ཚོགས་ནས་དེ་ལུགས་ཁྲིམས་སྒྲིག་ནང་གསལ་ལྟར་གྱི་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་གསལ་བསྒྲགས་མ་གནང་བར་གནས་དོན་འདི་རིགས་ལ་བདག་སྤྲོད་མི་གནང་བའི་བསྐུལ་ལྕག་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༡༡

Leave a Reply