གཏན་སློབ་ཁག་ལ་ཏོག་དབྱིབས་འགོས་ནད་ལ་ཡིད་གཟབ་དགོས་པའི་བཀོད་ཁྱབ་གནང་།

ཤེས་རིག་ལས་ཁུངས་ནས་བོད་མིའི་གཏན་སློབ་ཁག་ནས་ཏོག་དབྱིབས་འགོས་ནད་སྔོན་འགོག་ཆེད་སློབ་མའི་འགྲོ་སྐྱོད་ལ་སྟངས་འཛིན་དགོས་པའི་བཀོད་ཁྱབ་གནང་།དེ་རིང་བོད་མིའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་བའི་ནང་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་ཏོག་དབྱིབས་ནད་ཡམས་ཐད་བཀོད་ཁྱབ་ཅིག་གནང་བའི་ནང་། གཏན་སློབ་ཁག་གི་སློབ་ཕྲུག་ཚོ་མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བའི་ཆེད་ཟླ་རེའི་རེས་གཟའ་སྤེན་པ་གཉིས་པ་གཙོས་གུང་སེང་ནམ་ཡིན་ལ་སློབ་གྲྭའི་ཕྱི་རོལ་ཏུ་བསྐྱོད་ཐལ་རིགས་གནང་མ་དགོས་པ་གཙོ་འདོན་བྱེད་དགོས་སྐོར་བཀོད་འདུག

དེ་ཡང་བཀོད་ཁྱབ་ནང་། འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་བརྡལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་དེ་རྒྱ་གར་གྱི་ས་ཁུལ་འགའ་ཞིག་ནང་དུའང་མཆེད་ཟིན་པའི་གནས་ཚུལ་ཐོན་མུས་ལ་བརྟེན། རང་རེ་ཚང་མས་རང་དོན་རང་གཅེས་ཀྱིས་ཡིད་གཟབ་གནང་དགོས་སྨོས་མེད་བཞིན་སློབ་གྲྭ་ཁག་དང་དགོན་སྡེ་སོགས་ཚོགས་སྡེ་ཁག་ནས་འགོག་ཟོན་གྱི་ཐབས་ལམ་སྣ་ཚོགས་ཤིག་སྤྱོད་བཞིན་ཡོད་ཀྱང་། གལ་པོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་གཤམ་གསལ་དོན་གནད་ཁག་དགེ་ལས་སློབ་ཕྲུག་ཡོངས་ནས་ཐུགས་འཇགས་གནང་གལ་མཐོང་བས་དེ་དོན་ཁྱབ་ཁོངས་སློབ་གྲྭ་ཡོངས་ལ་བརྡ་ཁྱབ་གནང་དགོས། ཅེས་དང་། སྒྲོལ་མའི་གཟུངས་སྔགས་འདོན་གལ་ཆེ་སྐོར་ལ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཐའེ་ལན་ཊི་དང་ཝེ་ཏི་ནམ་གྱི་དད་ལྡན་སེར་སྐྱ་མི་མང་ཁག་གཅིག་ལ་མཇལ་ཁའི་སྐབས་ཏོག་དབྱིབས་ནད་ཡམས་ལ་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཕན་ཐོགས་ཡོད་སྐོར་བཀའ་སྩལ་བ་བཞིན། སློབ་གྲྭ་ཁག་ནས་སྔ་དགོང་གཙོ་བོར་གྱུར་པའི་དུས་ཚོད་སྟོང་པ་ནམ་བྱུང་ལ་སྒྲོལ་མའི་གཟུངས་སྔགས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་གང་མང་བཟླ་དགོས། ཅེས་དང་། དེ་བཞིན། སློབ་ཁག་སོ་སོས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ WHO དང་ཆེད་མཁས་མི་སྣའི་ལམ་སྟོན་ཁག་ལ་ཐུགས་སྣང་གིས་དགེ་ལས་སློབ་ཕྲུག་ཡོངས་ལ་གོ་རྟོགས་ཡང་ཡང་སྤེལ་དགོས་པ་དང་། སྔ་འཕྲོས་གཏན་སློབ་ཁག་གི་སློབ་ཕྲུག་ཚོ་མི་མང་འདུ་འཛོམས་ཆེ་སར་མི་འགྲོ་ཆེད་ཟླ་རེའི་རེས་གཟའ་སྤེན་པ་གཉིས་པ་གཙོས་གུང་སེང་ནམ་ཡིན་ལ་སློབ་གྲྭའི་ཁོར་ཡུག་ནང་ལ་བཞུགས་དགོས་པ་ལས་ཕྱི་རོལ་ཏུ་བསྐྱོད་ཐལ་རིགས་གནང་མ་དགོས་པ་གཙོ་འདོན་གནང་དགོས་ཞེས་བཀོད་འདུག

གཞན་ཡང་དོགས་ཡོད་སློབ་མ་རྣམས་ལ་སྨན་བཅོས་བསྟེན་གཏུག་བྱེད་ཐབས་ཐད། གལ་ཏེ་སློབ་ཕྲུག་སུ་འདྲ་ཞིག་ལ་གཟུགས་པོ་མ་བདེ་བ་དེ་འདྲ་བྱུང་ན་དུས་ཐོག་སྨན་ཁང་སོགས་འབྲེལ་ཡོད་ལ་ཡར་ཞུ་བྱེད་དགོས་ལ། འགོས་ནད་ཕོག་པའི་དོགས་པ་བྱུང་ཚེ་ཁྱབ་ཁོངས་སོ་སོའི་འབྲེལ་ཆགས་ས་གནས་སྨན་ཁང་དུ་ཛ་དྲག་བསྟེན་གཏུགས་བྱ་དགོས། མི་མང་འདུ་འཛོམས་བྱ་ཡུལ་དང་ལྷག་པར་དུ་མཁའ་རླུང་འཁོར་རྒྱུག་ཞན་པའི་ས་ཆ་དཔེར་ན། གློག་བརྙན་ཁང་དང་། ཚོང་ར། རླངས་འཁོར་བབས་ཚུགས། གནམ་ཐང་སོགས་སུ་འགྲོ་མི་དགོས་པ་གཙོ་འདོན་བྱ་དགོས། ཅེས་དང་། རྒྱ་གར་དབུས་སའི་འབྲེལ་ཡོད་ལས་ཁུངས་ཁག་ནས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་སྔོན་འགོག་ལམ་སྟོན་སོགས་ཇི་ཕེབས་བཀའ་གསུང་ཅི་སྒྲུབ་ཞུ་དགོས། ཅེས་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༡༡

Leave a Reply