ཁྲིམས་ལུགས་སྤྱི་བཤད་དང་མ་འོངས་བོད་ཀྱི་རྩ་ཁྲིམས་སྐོར་ལ་བཏོན་པའི་བསམ་འཆར།

ལ་མོ་ཚུལ་ཁྲིམས།

ཅི་ཞིག་ལ་ཁྲིམས་ལུགས་ཟེར།

ཁྲིམས་ཞེས་བརྗོད་སྐབས་ཚང་མས་ཉེས་པ་གཅོད་ལུགས་ཤིག་ལ་གོ་བཞིན་ཡོད་མོད། དེ་འདྲ་རང་མིན། སྤྱིར་ཁྲིམས་ལུགས་རིག་པ་ནི་ཚན་རིག་གི་རིག་གནས་ཤིག་དང་སྤྱི་ཚོགས་ཀྱི་རིག་གནས་ཤིག་ཡིན་ཞིང་། ཁྲིམས་ལུགས་རིག་པའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཐོག་གི་གནས་ཚུལ་དང་དེར་ཡོད་པའི་མི་རྣམས་ཀྱི་བྱ་སྤྱོད་ལ་དོ་འཁུར་བྱེད་པའི་རིག་པའི་གཞུང་ལུགས་ཤིག་ལ་ངོས་འཛིན་བྱེད་ཅིང་། ཁྲིམས་ལུགས་ཀྱི་བྱ་བ་བྱེད་ཡུལ་གཙོ་བོའང་སྤྱི་ཚོགས་ཐོག་བྱུང་དང་འབྱུང་བཞིན་པའི་མི་དང་མིའི་བར་གྱི་འགལ་འདུ་སེལ་རྒྱུ་དེ་ཡིན། ཁྲིམས་ལུགས་ཀྱིས་འགལ་འདུ་སེལ་བའི་ལས་རིམ་དེའང་ཐབས་ཤེས་དང་། རྩ་དོན། ཁྲིམས་ལུགས་ཀྱི་ཆོས་ཉིད་གསུམ་གཞི་ལ་བཞག་ནས་གནད་དོན་དང་འགལ་བ་ཅི་རིགས་ཐག་གཅོད་བྱེད་བཞིན་ཡོད་ལ། རྒྱལ་ཁབ་དང་མི་རིགས་གང་ཞིག་མཉམ་གནས་དང་ཆིག་སྒྲིལ་ཡོང་བ་ལ་ཁྲིམས་ལུགས་ཀྱི་རིག་པའི་གཞུང་ལུགས་ནི་མེད་ན་མི་ཆོག་པ་ཞིག་ཡིན།

དེ་བཞིན་ཏུ་ཁྲིམས་ལུགས་རིག་པ་ནི་སྤྱི་ཚོགས་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་གྲུབ་ཆ་ཞིག་ཏུ་ངོས་འཛིན་བྱེད་པ་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་འགྲོས་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ཁྲིམས་ཀྱི་གཞུང་ལུགས་འདི་ཉིད་གསར་བཟོ་དང་བསྐྱར་བཅོས་བྱེད་པ་ཡིན། དེ་བཞིན་དུ་ཁྲིམས་ལུགས་ནི་མིའི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་། ཉིན་རེའི་འཚོ་བའི་གནས་སྟངས་ཤིག་གཞི་ལ་བཞག་ནས་བཟོས་ཤིང་གྲུབ་པ་ཞིག་ཡིན་ལ། ཁྲིམས་ལུགས་ནི་ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་མཐོང་རྒྱུ་ཡོད་པ་དང་། རག་རྒྱུ་ཡོད་པ། ལས་རྒྱུ་ཡོད་པའི་བྱ་གཞག་ཤིག་དང་འབྲེལ་བ་ཡོད་པའི་རིག་པའི་གཞུང་ལུགས་ཤིག་ཀྱང་ཡིན། དེར་མ་ཟད་ཁྲིམས་ལུགས་ནི་ཀུན་གྱིས་ཐུན་མོང་ཐོག་གཏན་ལ་ཕབ་པའི་ལམ་ལུགས་ཤིག་ལ། ཚང་མས་ངེས་པར་དུ་བརྩི་བཀུར་བྱེད་དགོས་ཤིང་། བརྩི་བཀུར་མ་བྱས་ན་ཉེས་ཆད་གཅོད་པའི་འགྲོ་ལུགས་འདི་ལ་བརྗོད་པ་ཡིན། དེ་བས་ཁྲིམས་ལུགས་ནི་ང་ཚོའི་མཐོང་ཆོས་སུ་ཡོད་པའི་ལམ་ལུགས་སྲོལ་ཞིག་དང་། དེ་དང་མཉམ་དུ་མི་བསྲུན་པ་རྣམས་ཡང་དག་པའི་ལམ་ཕྱོགས་སུ་བཀྲི་བའི་དྲག་པོའི་ཤུགས་ཀྱི་གྲུབ་ཆ་ཞིག་ཀྱང་དེར་འདུས་ཡོད་པ་ཡིན། དཔེར་ན། ལམ་གཞུང་དུ་རླངས་འཁོར་མགྱོགས་ཚད་བརྒལ་བ་དང་། མི་གསོད་རྟ་འཕྲོག་བྱེད་པ་དག་ལ་ཁྲིམས་སུ་དགྲ་ལ་དགྲ་ལན་དང་ཀི་ལ་ཀི་ལན། དེ་ལན་དེ་འཇལ་བྱེད་ཅིང་། མི་བརྩི་མཁན་དང་མི་འཇལ་མཁན་ལ་དྲག་ཤུགས་ཀྱི་ནུས་པ་ལྡན་པའི་ཁྲིམས་ལུགས་བཀོལ་ཏེེ་བརྩི་རུ་འཇུག་པ་ཡིན། དེ་བས་ཁྲིམས་ཞེས་འབོད་ཚེ་དེ་ལ་དྲག་པོའི་སྟོབས་ཤུགས་ཤིག་དང་མ་བརྩི་རང་བརྩི་བྱེད་དགོས་པའི་ཆོས་ཉིད་ཅིག་ཀྱང་རང་བཞིན་ཀྱིས་གྲུབ་ཡོད།

ཡང་གཅིག་བཤད་ན་ཁྲིམས་ཞེས་བཤད་དུས། ཐུན་མོང་གིས་གཏན་ལ་ཕབ་པའི་ཡིག་ཆ་ཞིག་དང་། ཐུན་མོང་གིས་གཏན་ལ་ཕབ་པའི་ཡིག་ཆ་དེར་ཁྲིམས་ཐག་གཅོད་པའི་གོ་རིམ་འདི་ལ་ཁྲིམས་ཞེས་བརྗོད། ཁྲིམས་གཞུང་དུ་འདི་ལ་ཁྲིམས་ཀྱི་འཁོར་རྒྱུན་ཞེས་ཀྱང་འབོད་སྲོལ་ཡོད། དེ་ནི་གཏན་ལ་ཕབ་པའི་ཁྲིམས་ལ་བརྩི་སྲུང་མ་བྱས་པ་དང་། བརྩི་སྲུང་བྱེད་དུ་འཇུག་པའི་རྒྱུད་རིམ་དེར་བརྗོད་པ་ཡིན། དཔེར་ན། ཁྲིམས་ཡིག་དང་། རྐུན་མ། ཁྲིམས་ཁང་བཅས་ལ་ཁྲིམས་ཀྱི་འཁོར་རྒྱུན་ཞེས་འབོད་སྲོལ་ཡོད་ལ། ཁྲིམས་ཀྱི་འཁོར་རྒྱུན་འདི་ལག་སྟར་བྱེད་སྟངས་ནི་ཧ་ལམ་རྐང་རྩེད་སྤོ་ལོ་རྒྱག་སྐབས་རུ་ཁག་གཉིས་ཀྱི་འགྲན་རྩོད་བྱེད་པ་དང་འདྲ་བོ་ཡོད། དེ་ནི་ཐག་བཅད་ཟིན་པའི་ཡིག་ཆའི་མདུན་ནས་རྒྱལ་ཕམ་གྱི་བརྡར་ཤ་གཅོད་པ་དེར་ཤན་འབྱེད་བྱེད་པོ་དང་། ལུས་རྩལ་པ་རྣམས་འདུས་ཡོད་པ་ལྟ་བུ་ཡིན།

ཁྲིམས་ཀྱི་འཁོར་རྒྱུན་གྱི་གནས་སྟངས་འདི་བཙན་བྱོལ་སྤྱི་ཚོགས་ལ་དཔེ་བླངས་ནས་བཤད་ན། ཡིག་ཆ་གཏན་འབེབ་བྱེད་པོ་སྤྱི་འཐུས་ལྷན་ཁང་དང་། དེ་ཉིད་གཏོར་བཤིག་གཏོང་མཁན་གྱི་མི་སྣ། གཏོར་བཤིག་གཏོང་མཁན་ལ་དྲག་ཤུགས་འདུས་པའི་ཁྲིམས་ཀྱིས་ངོས་ལེན་དང་སྐྱིན་ཚབ་སྤྲོད་དུ་འཇུག་མཁན་ཁྲིམས་ཞིབ་ཁང་བཅས་སྟེ། སྤྱི་འཐུས་ལྷན་ཁང་དང་། ཉེས་ཅན་པ། ཁྲིམས་ཞིབ་ཁང་བཅས་ནི་ཁྲིམས་ཀྱི་འཁོར་རྒྱུན་མ་ལག་རེད།

རྩ་ཁྲིམས།

ཁྲིམས་ཀྱི་འཁོར་རྒྱུན་མ་ལག་འདི་སྐོར་བ་འཁོར་བ་ལ་ཁྲིམས་གཞུང་མང་དུ་ཡོད་མོད། ཡོངས་གྲགས་སུ་དབྱེ་ན་གཉིས་སུ་དབྱེ་སྲོལ་ཡོད། དེ་ནི་རྩ་ཁྲིམས་(Constitution) དང་བཅའ་ཁྲིམས་ (Rule of law) ཞེས་པ་འདི་གཉིས་རེད། རྩ་ཁྲིམས་ཞེས་པ་ནི་རྒྱལ་ཁབ་ཞིག་གི་རྩ་བའི་ཁྲིམས་ལུགས་ཡིན་པས་ན་དེ་ལ་རྩ་ཁྲིམས་ཞེས་བརྗོད་པ་ཡིན་ཞིང་། རྒྱལ་ཁབ་ཀྱི་ཆབ་དཔལ་རིག་གསུམ་གོང་འཕེལ་དང་། མི་སེར་ཡོངས་རྫོགས་མཉམ་གནས། སྲིད་དབང་སྲ་བརྟན། དམངས་ཀྱི་རྩ་བའི་ཐོབ་དབང་བཅས་ལ་སྲུང་སྐྱོབ་བཅས་བྱེད་པ་ནི་རྩ་ཁྲིམས་ཀྱི་ཐོག་མའི་དམིགས་ཡུལ་ཡིན།

དེ་ལ་འདིར་རྒྱལ་ཁབ་ཞེས་འབོད་ཚེ། མི་གྲངས་མང་ཉུང་དང་ས་རྒྱ་ཆེ་ཆུང་གི་གཏན་འཁེལ་གང་ཡང་མེད་པར་རང་བཙན་གྱི་ས་ཁུལ་ཞིག་ཏུ་རིགས་རྒྱུད་གཅིག་པ་དང་ཡང་སྐད་རིགས་གཅིག་པའི་མི་རྣམས་འདུས་ཏེ་འཚོ་བ་བསྐྱལ་བའི་གནས་འདི་ལ་རྒྱལ་ཁབ་ཞེས་བརྗོད་པ་ཡིན། (a nation state is a sovereign state of which most of its subjects are united also by factors which defined a nation such as language or common descent.)དེ་བཞིན་ཏུ་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་སྲིད་དབང་ཁ་ལོ་སྒྱུར་བྱེད་དང་། སྤྱི་ཚོགས་སྲ་བརྟན་ཡོང་སྤྱད་ཀྱི་ལག་ཆ། རང་བཙན་གྱི་བདེན་དཔང། འཚོ་གནས་ཀྱི་རིན་ཐང་། མི་རིགས་ཀྱི་གཟི་བརྗིད་བཅས་ཚང་མ་རྩ་ཁྲིམས་འདི་ལས་མཆེད་ཅིང་མངོན་པར་བྱེད། ཆེས་ཐོག་མའི་རྩ་ཁྲིམས་ཀྱི་རིག་པའི་གཞུང་ལུགས་འདི་ནུབ་ཕྱོགས་ནས་དར་ཞིང་། དབྱིན་སྐད་དུ་རྩ་ཁྲིམས་ (constitution)ཞེས་འབོད་པ་ཡིན། རྩ་ཁྲིམས་(constitution) ཞེས་པ་ནི་རཱོམ་དུ་གོང་མའི་བཀའ་ཤོག་དང་། ཡང་ན་བཀའ་ལུང་ཞེས་འབོད་སྲོལ་ཡོད། རྩ་ཁྲིམས་ཀྱི་ལས་དོན་གཙོ་བོ་ནི་རྒྱལ་ཁབ་ཀྱི་འགྲོ་ལུགས་འགྲོ་སྟངས་ཀྱི་རྩ་བའི་རྨང་གཞི་ལ་ཇུས་གཏོགས་བྱེད་གིན་ཡོད་ཙང་རྩ་ཁྲིམས་ཞེས་ (constitution) ཡོངས་ཁྱབ་དུ་བརྗོད་པ་ཡིན། འཛམ་གླིང་སྟེང་གི་ཆེས་སྔ་བའི་རྩ་ཁྲིམས་ནི་དབྱིན་ཡུལ་གྱི་རྩ་ཁྲིམས་ཡིན་ཞིང་རྩ་ཁྲིམས་དེ་ནི་དུས་རབས་བཅུ་བདུན་པར་འགོ་བཙུགས་ཡོད། ཡིན་ཡང་འཛམ་གླིང་སྟེང་ཆེས་དར་ཁྱབ་ཆེ་བའི་རྩ་ཁྲིམས་ནི་ཨ་མེ་རི་ཀའི་རྩ་ཁྲིམས་ཡིན་ཞིང་། ཨ་མེ་རི་ཀའི་རྩ་ཁྲིམས་ནི་དུས་རབས་བཅོ་བརྒྱད་པར་གཏན་ལ་ཕབས་པ་ཞིག་ཡིན།

རྩ་ཁྲིམས་ཀྱི་དགོས་དམིགས་ཀྱི་ཐད་ལ། ཨ་མེ་རི་ཀའི་རྩ་ཁྲིམས་ཀྱི་འགོ་བརྗོད་དུ་ཡི་གེ་འདི་འདྲ་ཞིག་བྲིས་ཡོད་དེ། ང་ཚོ་ཨ་རི་བ་ཚོ་ལ་མཉམ་གནས་ཀྱི་འཚོ་བ་དང་། དྲང་བདེན་གྱི་སྤྱི་ཚོགས། བདེ་སྐྱིད་ཀྱི་ཁྱིམ་ཚང་། ཁག་ཐེག་གི་རང་དབང་ལོངས་སྤྱོད་བཅས་ཡོད་དགོས་པའི་ཆེད་དུ། རྩ་ཁྲིམས་འདི་ཉིད་གསར་འཛུགས་བྱེད་དགོས་པ་ཡིན་ཞེས། རྒྱལ་ཁབ་དང་མི་རིགས་ཀྱི་འཚོ་གནས་དང་བརྟན་ལྷིང་གི་ཆེད་དུ་རྩ་ཁྲིམས་ཤིག་མེད་ན་མི་ཆོག་པར་བསྟན་ཡོད་ལ། དེ་བཞིན་ཏུ་ཨ་རིའི་རྒྱལ་ཁབ་གསར་འཛུགས་བྱེད་པོ་འཇོན་རྡེ་ཀར་སོན་གྱིས་(John Dickinso) ང་ཚོའི་སྲིད་གཞུང་འདི་ཉིད་གཟའ་སྐར་གྱི་དཀྱིལ་འཁོར་ནང་གྲུབ་ཡོད་པ་དང་། དབུས་དང་ས་གནས་ཀྱི་སྲིད་གཞུང་འདི་ཉི་མའི་རྒྱུ་སྐར་བཞིན་གཅིག་ལ་གཅིག་བརྟེན་གྱིས་འཁོར་ཞིང་། ཁོང་ཚོའི་རྒྱུན་ལྡན་གྱི་འཁོར་སྐྱོད་འདིས་ང་ཚོ་ལ་བདེ་སྐྱིད་ལྡན་པའི་གཟའ་སྐར་གྱི་འཁོར་ལམ་ཞིག་བསྐྲུན་ཐུབ་ཡོད་པ་རེད། ཞེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་དམངས་བར་གྱི་འབྲེལ་བ་དེ་གཟའ་སྐར་གྱི་ཁྱིམ་རྒྱུན་ལ་དཔེར་བཀོད་ཡོད། དེ་བཞིན་ཏུ་དབྱིན་ཡུལ་གྱི་རྩ་ཁྲིམས་ (constitutional monarchy)  ལ་མཚོན་ན་རྒྱལ་སྲིད་སྐྱོང་བའི་ལམ་ལུགས་ཀྱི་རྨང་གཞི་ཐོག་གསར་བཟོ་བྱས་ཤིང་། གྲོས་ཚོགས་ལ་མཚོན་ན་རྒྱལ་སྲིད་དང་། དགོན་པ། ཁྲིམས་ཁང་ཡོངས་ལས་ཀྱང་ལྷག་པའི་དབང་ཚད་ཡོད་པ་བསྟན་ཡོད།

ཨ་མེ་རི་ཀའི་རྩ་ཁྲིམས་ལ་མཚོན་ན་བཀའ་བརྡའི་མཚོན་པའི་ཡིག་ཆ་ཞིག་ཏུ་རྒྱལ་ཁབ་ཀྱི་སྲིད་འཛིན་མ་ལག་ཇི་ལྟར་འཁོར་སྐྱོད་བྱེད་བཞིན་ཡོད་པ་བཀོད་ཡོད། དེ་ཡང་རྩ་ཁྲིམས་དེའི་ནང་དུ། མང་གཙོ་ཀ་བ་གསུམ་གྱི་མ་ལག་ཇི་ལྟར་གཅིག་ལ་གཅིག་བརྟེན་གྱིས་རང་འཁོར་རྒྱག་བཞིན་ཡོད་པ་དང་། ཇི་ལྟར་གཅིག་ལན་གཅིག་འཇལ་གྱིས་ཕན་ཚུན་བྱ་བ་བྱེད་བཞིན་ཡོད་པ་གསལ་བོར་བཀོད་ཡོད་པ་མ་ཟད། རྩ་ཁྲིམས་དེ་ཉིད་ལེགས་བཅོས་ཀྱང་ཇི་ལྟར་གཏོང་སྟངས་ཡིག་ཆའི་ནང་གསལ་བོར་བཀོད་ཡོད་པས། གཞུང་འཛིན་པ་སུ་ཞིག་ཡོང་ནའང་སྲིད་གཞུང་གི་ལས་དོན་བྱེད་ཕྱོགས་ལ་ལམ་སྟོན་གསལ་བོ་དང་དབང་ཤུགས་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་མཚོན་ཡོད།

གསལ་བོར་བཤད་ན། རྩ་ཁྲིམས་ (constitution) ནི་རྒྱལ་ཁབ་ཞིག་གི་རྨང་རྡོ་དང་། སྲིད་གཞུང་ཞིག་གི་ཕྱོགས་སྟོན་བྱེད་པོ་ཡིན་ལ། རྩ་ཁྲིམས་ཀྱིས་མི་སེར་རྣམས་མཉམ་གནས་ཐུབ་ཅིང་། མི་སེར་རྣམས་ཀྱིས་རྩ་ཁྲིམས་ལ་བརྟེན་ནས་སོ་སོར་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་ཁབ་ལ་བཅིངས་བའི་བརྩེ་སེམས་སྐྲུན་ཐུབ། དེ་བཞིན་དུ་རྩ་ཁྲིམས་ནི་ཁྲིམས་ལུགས་ཐམས་ཅད་ཀྱི་མ་ཡུམ་ལྟ་བུ་ཡིན་ཞིང་བྱེ་བྲག་གི་ཁྲིམས་ཡིག་ཚང་མ་རྩ་ཁྲིམས་འདི་བརྒྱུད་ནས་ཡོང་བ་ཞིག་ཡིན།

བཅའ་ཁྲིམས།

ང་ཚོས་ནམ་རྒྱུན་འབོད་བཞིན་པའི་བཅའ་ཁྲིམས་འདིའང་རྩ་ཁྲིམས་ལས་མཆེད་པའི་བྱེ་བྲག་གི་ཁྲིམས་ཡིག་ཞིག་ཡིན་ལ། བྱེ་བྲག་གི་ཁྲིམས་ཡིག་འདི་དག་ལ་ང་ཚོས་བཅའ་ཁྲིམས་དང་། དབྱིན་སྐད་དུ (Rule of law) ཞེས་འབོད་པ་ཡིན་ཞིང་། བཅའ་ཁྲིམས་ (Rule of law) ནི་ཁྲིམས་ཀྱི་མཚན་ཉིད་ཚང་བའི་རིག་པའི་གཞུང་ལུགས་ཤིག་ཡིན་པ་གང་ཞིག་ལ། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་མུ་མཐུད་ནས་བཟོ་བཅོས་གཏོང་དགོས་པའི་ཁྲིམས་ལུགས་ཤིག་ཡིན་ཙང་། འདི་ལ་བཅའ་ཞེས་བྱ་ཚིག་ཅིག་ཁྲིམས་ཞེས་པའི་ཚིག་གྲོགས་དང་མཉམ་དུ་སྦྱར་ཡོད། དེའི་རྒྱུ་མཚན་ནི་དགོས་མཁོ་ནམ་ཡོད་ལ་ཁྲིམས་ལུགས་དེ་ཉིད་བཟོ་བཅོས་རྒྱབ་ཆོག་པའམ་བཅའ་ཆོག་པའི་ཁྲིམས་ཡིག་ཞིག་ཡིན་པས་ན་དེ་ལ་བཅའ་ཁྲིམས (Rule of law) ཞེས་བརྗོད་ན་མི་ཆོག་པ་མེད།

ངས་འདིར་གསལ་བོར་བཤད་རྒྱུ་ཞིག་ལ་ཁྲིམས་ལུགས་ལ་དབྱེ་བ་མང་པོ་ཡོད་པ་ལས། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་སྲིད་འཛིན་བདག་དབང་བྱེད་སྤྱད་ཀྱི་ཁྲིམས་ལུགས་དང་། དེ་ནི་ཁྲིམས་ལུགས་ཡོངས་ལས་ཆེས་བླ་ན་མེད་པའི་ཁྲིམས་ཡིག་དེེ་ཡིན་པ་དང་། དེ་བྱིངས་ཀྱི་ཁྲིམས་ཡིག་ཚང་མ། དཔེར་ན་དམངས་ཁྲིམས་(civil law)དང་། ཉེས་ཁྲིམས (criminal law) ། འཛིན་སྐྱོང་གི་ཁྲིམས (administrative law)  ། གན་རྒྱའི་ཁྲིམས་ (contract law) ལ་སོགས་པ་ནི་བཅའ་ཁྲིམས་(Rule of law) ཀྱི་ཁོངས་སུ་གཏོགས་པ་ཡིན།

དངོས་གནས་བཤད་ན། ང་ཚོ་བོད་པའི་གནའ་རབས་ཁྲིམས་ཡིག་དེ་དག་གི་ནང་ཏུ་སྲིད་འཛིན་བདག་དབང་བྱེད་སྟངས་ཀྱི་ཁྲིམས་ཡིག་མཐོང་རྒྱུ་མེད་པ་དང་། མི་མང་དང་སྲིད་གཞུང་གཉིས་བར་གྱི་འབྲེལ་བ་དང་། དབང་སྒྱུར་བྱེད་ལུགས་ཡང་གསལ་བོར་མཚོན་མེད་པར། ཁྲིམས་ཡིག་ཚང་མ་ཉེས་ཁྲིམས་གཅོད་ལུགས་དང་། དམངས་ཀྱི་གྱོད་དོན་ཐག་གཅོད་བྱེད་སྟངས་རྐྱང་པས་དེ་དག་ཚང་མ་བཅའ་ཁྲིམས་ལས་མཆེད་པའི་ཉེས་ཁྲིམས་ (criminal law) དང་དམངས་ཁྲིམས་ཀྱི(civil law)་ཁོངས་སུ་འགྲོ་བ་ལས་རྩ་ཁྲིམས་ཀྱི་ཁོངས་སུ་འགྲོ་སྲོལ་མི་འདུག། དེ་བཞིན་དུ་གནའ་བོའི་ཁྲིམས་ཀྱི་ཚུལ་ཁྲིམས་ལ་སོགས་པ་ནི། མི་སྒེར་བས་རང་འགན་རང་འཁུར་བྱེད་རྒྱུ་ལས་བཅའ་ཁྲིམས་དང་རྩ་ཁྲིམས་ལ་ཧ་ལམ་འབྲེལ་བ་མི་ཆགས་ལ། དེ་དང་མཉམ་དུ་ང་ཚོས་བཤད་པའི་བཟང་སྤྱོད་ཀྱང་། རང་ཁྲིམས་རང་གིས་སྲུང་རྒྱུ་ཞིག་ཡིན་པས། བཅའ་ཁྲིམས་ལ་འབྲེལ་དེ་ཙམ་མེད། རྒྱུ་མཚན་ནི་བཅའ་ཁྲིམས་ཀྱིས་གང་ཟག་དང་སྤྱི་ཚོགས་ཀྱི་བྱ་སྤྱོད་ལ་ཇུས་གཏོགས་དང་སྟངས་འཛིན་བྱེད་ཅིང། ཚུལ་ཁྲིམས་ལ་དེ་ལྟར་བྱེད་པའི་ལུགས་སྲོལ་མེད་པས་ན་བཅའ་ཁྲིམས་ཀྱི་ཁོངས་སུ་མི་གཏོགས། མ་གཞི་ནས་ཁྲིམས་ཀྱིས་མི་སྒེར་བའི་ཚུལ་ཁྲིམས་དང་བཟང་སྤྱོད་ལ་ཇུས་གཏོགས་བྱེད་པའི་ལུགས་སྲོལ་མེད། རྒྱུ་མཚན་ནི་མི་ཞིག་ལ་བཟང་སྤྱོད་ཡོད་དུས་མི་དེས་ཁྲིམས་འགལ་མི་བྱེད་པ་ཡིན། དེ་བཞིན་ཏུ་ཁྲིམས་ཀྱིས་མིའི་བཟང་སྤྱོད་ལ་དེ་ཙམ་གྱིས་ཡིད་ཆེས་ཀྱང་མི་བྱེད་སྟེ། དེ་ནི་མིའི་ཀུན་སྤྱོད་ནི་སྐབས་སྐབས་སུ་བརྟན་པོ་མེད་པས། བརྟན་པོ་མེད་པའི་ཀུན་སྤྱོད་ལས་ཉེས་པ་བསགས་བཞིན་ཡོད་ཙང་། ཁྲིམས་ཀྱིས་སྟངས་འཛིན་མི་བྱེད་ཀ་མེད་ཆགས་གིན་ཡོད་པ་དེ་རེད། དེའི་ཕྱིར་བཟང་སྤྱོད་དང་། ཚུལ་ཁྲིམས་དང་། བཅའ་ཁྲིམས། རྩ་ཁྲིམས་བཅས་ལ་མིང་མི་འདྲ་བ་ཡོད་པ་བཞིན་དེ་དག་རེ་རེའི་མཚན་ཉིད་དང་བཀོལ་སྤྱོད་ཀྱང་མི་འདྲ་བ་ཡིན། དེ་བས་གནའ་རབས་སུ་བྱུང་བའི་ཀྱི་བོད་ཀྱི་ཁྲིམས་ཡིག་དག་ནི་བཅའ་ཁྲིམས་ (Rule of law) དང་ཚུལ་ཁྲིམས་ཀྱི་ཁོངས་སུ་གཏོགས་པ་ལས། རྩ་ཁྲིམས་ཀྱི་ (constitution)ཁོངས་སུ་མི་གཏོགས་པ་ཡིན།

ལོ་རྒྱུས་ཐོག་ང་ཚོ་བོད་པ་ཚང་ལ་ཁྲིམས་ཡིག་འདྲ་མིན་ཡོད་པ་ཙམ་ཞིག་ལས་རྩ་ཁྲིམས (constitution) ཞིག་བོད་ཀྱི་ཚིག་མཛོད་དང་ཡིག་རྙིང་དག་ན་མཐོང་རྒྱུ་མི་འདུག་ལ། བོད་ཀྱི་རིག་གནས་བཅུ་བོའི་ནང་དུའང་རྩ་ཁྲིམས་འདུས་མེད་པ་ཚང་མས་ཤེས་གསལ་ཡིན།  ངས་འདི་ལྟར་བཤད་ན་ཁྱེད་ཀྱིས་འོ་ན་བོད་ཀྱི་སྔ་རབས་ཁྲིམས་སྲོལ། དཔེར་ན་སྲོང་བཙན་སྒམ་པོས་གསར་བཟོ་གནང་བའི་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ། ཕག་གྲུབ་དང་སྡེ་བ་གཙང་བའི་ཞལ་ལྕེ་བཅོ་ལྔ། དགའ་ལྡན་ཕོ་བྲང་གི་ཁྲིམས་ཡིག ༧གོང་ས་ལྔ་བ་ཆེན་པོས་མཛད་པའི་ཞལ་ལྕེ་བཅུ་གསུམ།  དེ་བཞིན་ཏུ་དགོན་སྡེ་ཁག་གི་བཅའ་ཡིག་རྣམས་རྩ་ཁྲིམས་མིན་ན་གང་ཡིན་ཞེས་བཤད་སྲིད་དེ། དེ་འདྲ་ཞིག་མིན། བོད་ཀྱི་ཁྲིམས་ཡིག་འདི་དག་གི་ནང་དུ་གོང་དུ་བཤད་པའི་རྒྱལ་ཁབ་ཀྱི་སྲིད་དབང་བགོ་འགྲེམས་བྱེད་སྟངས་དང་མི་དམངས་ཀྱི་རང་དབང་ཁག་ཐེག་ཡོངས་སྟངས་ཀྱི་རྩ་ཁྲིམས་ཀྱི་རྩ་བའི་དམ་བཅའ་དང་ཆ་རྐྱེན་དག་འདུས་མེད་པས། ཁྲིམས་ཡིག་འདི་དག་རྩ་ཁྲིམས་ཀྱི་ཁོངས་སུ་མི་འགྲོ་བར་བཅའ་ཁྲིམས་ཀྱི་ (Rule of law) ཁོངས་སུ་བཞག་ན་འགྲིག དེ་ལས་ད་དུང་ཁྲིམས་ཡིག་ཁ་ཤས་ནི་རང་འཁྲིའི་ཁྲིམས་ལུགས་སམ་ཚུལ་ཁྲིམས་(Moral law) ཞེས་བརྗོད་ནའང་མ་ཆོག་པ་མེད། རྒྱུ་མཚན་ནི་ཁྲིམས་ཡིག་འདི་དག་ནི་མི་སྒེར་དང་། ཚོགས་སྡེ་བྱེ་བྲག་པ་རང་རང་གི་ལྟ་གྲུབ་དང་། ཡང་ན་སྲོལ་ལུགས་དང་འབྲེལ་བའི་སྲུང་བྱ་སྲུང་བྱེད་དང་རྗེས་འབྲེལ་གྱི་རྣམ་གཞག་ཅིག་ལས་ཁྲིམས་ཁང་ལ་འབྲེལ་བ་ཆེན་པོ་མེད་ལ། རྩ་ཁྲིམས་ལ་དེ་བས་ཀྱང་འབྲེལ་བ་མི་ཆགས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས།

སྤྱི་ལོ ༡༩༦༣ ལོར་བཙན་བྱོལ་དུ ༧གོང་ས་སྐྱབས་མགོན་མཆོག་གིས་མ་འོངས་བོད་ཀྱི་རྩ་ཁྲིམས་  (constitution) གསལ་བསྒྲགས་གནང་ཞིང་། རྩ་ཁྲིམས་འདི་ནི་བོད་པའི་ལོ་རྒྱུས་ཐོག་གི་རྩ་ཁྲིམས (constitution) ཐོག་མ་དེ་ཡིན་ཞེེས་བཤད་ན་མ་ཆོག་པ་མེད། རྩ་ཁྲིམས་འདིའི་ཐོག་མའི་དམིགས་ཡུལ་ཀྱང་རྩ་ཁྲིམས་གཞན་རྣམས་དང་འདྲ་བར་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོབ་དང་། རང་གི་སྤྱི་ཚོགས་འདིའི་ཆབ་དཔལ་རིག་གསུམ་གོང་འཕེལ། མི་སེར་ཡོངས་རྫོགས་མཉམ་གནས་ཐུབ་པའི་དགོས་མཁོ་ཞིག་གི་ཐོག་ནས་ཡི་གེར་བཀོད་པ་ཞིག་ཡིན་པ་གསལ་བོ་ཡིན། ཕྱི་ལོ་ ༡༩༩༡ ལོར་དེ་སྔའི་གསལ་བསྒྲགས་བརྐྱངས་ཟིན་པའི་བོད་ཀྱི་རྩ་ཁྲིམས་  (constitution) ལ་གཞི་བཅོལ་ཏེ་བཟོས་པ་ནི་དེང་སང་ཡོད་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ (charter of the Tibetans in Exile )འདི་རེད། སྤྱིར་ (charter ) ཞེས་བརྗོད་དུས་བོད་སྐད་དུ་སྒྲིག་གཞི་ཞེས་འབོད་པ་ལས་བཅའ་ཁྲིམས་ཞེས་འབོད་ལུགས་མེད།

སྒྲིག་གཞི་དང་བཅའ་ཁྲིམས་གཉིས་ལ་དབྱེ་བ་ཆེན་པོ་ཡོད། སྒྲིག་གཞི་ནི་ལས་ཁུངས་དང་སྡེ་ཁག་ཅིག་གི་འཛིན་སྐྱོང་གི་འགྲོ་ལུགས་ཅིག་ལས་དེ་ལ་ཁྲིམས་ཀྱི་ནུས་པ་མི་ལྡན་ཞིང་། དེ་བཞིན་ཏུ་སྒྲིག་གཞི (charter ) ཞེས་བརྗོད་དུས་ལས་ཁུངས་དང་ཚོགས་སྡེ་ཁག་གང་རུང་གི་འགྲོ་ལུགས་འགྲོ་སྟངས་ཤིག་ལས། སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ལུགས་སྲོལ་ཞིག་མིན། དཔེར་ན་ལས་ཁུངས་སུ་འགྲོ་དུས་ཕྱུ་པ་དང་ཞྭ་མོ་ག་འདྲ་གོན་དགོས་མིན་དང་། དེ་བཞིན་ལས་ཀའི་དུས་ཚོད་ཀྱི་ཡུན་ཚད་དང་གུང་སེང་གི་དུས་ཡུན། ཁང་པའི་ནང་ཐ་མ་འཐེན་ཆོག་མིན་ལ་སོགས་པ་སྒྲིག་གཞི་ཞིག་གི་་ཁོངས་སུ་འགྲོ་བ་ལས། དེ་ལ་ཁྲིམས་ཀྱི་ནུས་པ་མི་ལྡན།

ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་མཚོན་ན། སྒྲིག་འཛུགས་དེར་བཙན་བྱོལ་བོད་མིའི་དམངས་གཙོ་ཀ་བ་གསུམ་གྱི་ཁྲིམས་ཀྱི་འཁོར་རྒྱུན་ཆ་ཚང་ཞིག་འདུས་ཡོད་པས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་ནི་སྒྲིག་གཞི་ (charter ) ཞིག་མ་ཡིན་པར། བཅའ་ཁྲིམས་ཀྱི་ཁོངས་སུ་གཏོགས་པ་ཡིན་པས། དེ་ལས་འཛིན་སྐྱོང་གི་ཁྲིམས (administrative law) ཁོངས་སུ་བཞག་ན་འོས་ཤིང་འཚམ་པར་འདུག རེད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ད་དུང་རང་བཙན་གྱི་ས་ཁུལ་ངེས་གཏན་ཞིག་མེད་ཙང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་རྩ་ཁྲིམས་ཀྱི་ཁོངས་སུ་བཞག་ན་དེ་ཙམ་གྱི་ཆ་རྐྱེན་མི་ཚང་།

རྒྱལ་སྲིད་ལམ་ལུགས་ཀྱི་རྩ་ཁྲིམས།

གལ་སྲིད་ང་ཚོ་ལ་རང་བཙན་གྱི་ས་ཁུལ་ཞིག་ཡོད་ན་ང་ཚོའི་རྩ་ཁྲིམས་ནི་རྒྱལ་སྲིད་ལམ་ལུགས་ཀྱི་རྩ་ཁྲིམས་སུ་བཀོད་ན་ཤིན་ཏུ་འཚམ་པར་འདུག རྒྱུ་མཚན་ནི་ང་ཚོའི་རྩ་ཁྲིམས་འདི་ཆོས་སྲིད་ཟུང་འབྲེལ་གྱི་རྨང་གཞི་ཐོག་བཙུགས་ཤིང་། ༧གོང་ས་མཆོག་ནི་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཡིན་པ་བཀོད་་ཡོད་ལུགས་ལ་བལྟས་ན། ང་ཚོའི་ལམ་ལུགས་འདི་ནི་རྒྱལ་སྲིད་ལམ་ལུགས་ཀྱི་རྩ་ཁྲིམས (constitutional monarchy) དང་ཧང་ཅང་འཚམ་པོ་ཡོད། རྒྱལ་སྲིད་ལམ་ལུགས་ཀྱི་རྩ་ཁྲིམས (constitutional monarchy) ཀྱི་ཆ་རྐྱེན་གལ་ཆེན་གཅིག་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པའི་གང་ཟག་གི་དབང་ཚད་ནི་སྐུ་ཚེ་ཧྲིལ་བོ་དང་ཡང་ན་མི་རབས་མི་རྒྱུད་དུ་ཡོད་ཆོག་པ་ཞིག་ཡིན་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གི་མི་ཚེ་མ་གཏོགས་འཁོད་མེད་པས། འདིས་རྒྱལ་སྲིད་ལམ་ལུགས་ཀྱི་རྩ་ཁྲིམས (constitutional monarchy) ཀྱི་ཆ་རྐྱེན་ཚང་མེད་པ་རེད།

ངས་འདི་ལྟར་བཤད་པའི ༧གོང་ས་མཆོག་གི་སྐུ་དབང་ཁ་གསལ་ཞིག་མེད་ཞེས་པ་ནི། ༧གོང་ས་སྐྱབས་མགོན་བཅུ་བཞི་བ་མཆོག་གིས་བོད་ཆོལ་གསུམ་གཅིག་ཏུ་བསྒྲིལ་ནས། བོད་པ་ཡོངས་རྫོགས་རྒྱལ་ཁབ་གཅིག་གི་འདུན་མའི་ཕྱོགས་སུ་གོམས་ཁ་བསྒྱུར་བར་སྣེ་ཁྲིད་ཡོད། འདི་ནི་བོད་སིལ་བུར་ཐོར་རྗེས་གསར་དུ་བྱུང་བའི་བོད་རྒྱལ་ཁབ་གཅིག་གྱུར་གྱི་སྒྲོམ་གཞི་ཐོག་མ་དེ་ཡིན་ཞེས་བཤད་ན་མ་ཆོག་པ་མེད། ཡང་གཅིག་བཤད་ན། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པ་ཚང་མ་ལ་ཐུན་མོང་གི་བོད་གཅིག་གྱུར་གྱི་ལར་ཞེན་དང་། ཆིག་སྒྲིལ་གྱི་སེམས་ཤུགས་ཤིག་ཡོད་པ་འདི་༧གོང་ས་སྐྱབས་མགོན་བཅུ་བཞི་བ་མཆོག་གི་མཛད་པ་འཕྲིན་ལས་ལས་བྱུང་བ་ཡིན་པར་སུས་ཀྱང་དགག་བྱ་བྱེད་མི་ཐུབ། དེ་བས་༧གོང་ས་སྐྱབས་མགོན་ བཅུ་བཞི་བ་མཆོག་ནི་བོད་ཀྱི་སྲོག་ཤིང་ཡིན་ཞེས་བཤད་ན་མ་ཆོག་པ་ག་ལ་ཡོད། དེའི་ཕྱིར་ང་ཚོས་ཐུན་མོང་གི་སྲོག་ཤིང་འདི་བསྐལ་བ་མ་སྟོང་བར་གནས་པ་ལ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་ན་རིམ་ཁྲིམས་ཡིག་ཏུ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་འདོད། ངས་འདིར་བཤད་པའི་ཁྲིམས་ཡིག་གི་སྲུང་སྐྱོབ་བྱས་པ་ནི་སྲིད་དབང་སྒེར་འཛིན་དང་། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དེ་མ་ཡིན་པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་ནང་བཀོད་པའི་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཞེས་པ་དེར་༧གོང་ས་སྐྱབས་མགོན་བཅུ་བཞི་བ་མཆོག་གི་མཚན་གནས་དང་དབང་ཚད་གསལ་བོར་འགོད་རྒྱུ་དང་། དེ་འང་སྐུ་ཕྲེང་ན་རིམ་ལ་ཁྱབ་པར་བྱས་ན་དགེ་མཚན་ཆེ་བར་མངོན་པ་དེ་ཡིན། འདི་ནི་རྒྱལ་སྲིད་ལམ་ལུགས་ཀྱི་རྩ་ཁྲིམས་ (constitutional monarchy) ལ་ཚང་དགོས་པའི་ཆ་རྐྱེན་ཡང་ཡིན་པ་རེད།

གཞན་ཡང་། འདི་ནི་ ༧གོང་ས་མཆོག་སྐུ་ཕྲེང་ན་རིམ་གྱི་དགོས་མཁོ་ཞིག་གི་ཆེད་དུ་མ་ཡིན་པར་བོད་ཀྱི་བསྟན་པ་ཆབ་སྲིད་ཡུན་གནས་བྱེད་པའི་ཆེད་དུ་ཡིན། བོད་ཀྱི་བསྟན་པ་ཆབ་སྲིད་ཡུན་གནས་བྱེད་པ་ལ་རྒྱལ་ཁབ་ཀྱི་ཆེས་མཐོང་ཡོད་པའི་དབུ་ཁྲིད་དང་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་ཐུབ་ན་རྒྱལ་ཁབ་བརྟན་ལྷིང་ལ་སྨན་པ་ཡོངས་གྲགས་རེད་ལ། དེ་བཞིན་ཏུ་མང་གཙོའི་རྩ་ཁྲིམས་གསལ་བོ་ཞིག་ཡོད་ན་དེ་བས་ཀྱང་སྨན། དཔེར་ན། ཡེ་ཤེས་ཆོས་དཔོན་ཕོད་ཕོ་དང་། དབྱིན་ཇིའི་རྒྱལ་མོ། འཇའ་པན་གྱིས་རྒྱལ་པོ། ཐེ་ལན་གྱི་རྒྱལ་པོ། ཐ་ན་འབྲུག་གི་རྒྱལ་རྒྱུད་ལ་སོགས་ཀྱིས་ཀྱང་རྒྱལ་སྲིད་ལམ་ལུགས་ཀྱི་རྩ་ཁྲིམས (constitutional monarchy) འདི་ཉིད་གཞི་ལ་བཞག་ནས། རྒྱལ་ཁབ་ཀྱི་མཚོན་རྟགས་ལ་བརྟེན་ནས་རང་རང་གི་རྒྱལ་ཁབ་བདེ་བར་འགོད་བཞིན་ཡོད་པ་མཐོང་ཆོས་རེད། ང་ཚོའི་༧གོང་ས་སྐུ་ཕྲེང་ན་རིམ་ནི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་ཤིག་གི་རྒྱུད་རིམ་ཁྲོད་ཡོང་གིན་ཡོད་པ་དང་། དེ་ལ་སྐབས་སྐབས་སུ་སྐུ་གོང་མ་ནང་བཞིན་ཡོང་ཐུབ་གིན་མེད་པ་བདེན་ཏུ་ཆུག་ནའང་།ངས་འདིར་སྐུ་ཕྲེང་ན་རིམ་ཚང་མ་སྐུ་ཕྲེང་བཅུ་བཞི་བ་ནང་བཞིན་ཡོང་གིན་རེད་ག་ལ་བཤད་ཕོད་དེ། དབུ་ལ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བར་དུ་བོད་རྒྱ་ཆེའི་མི་མང་གིས་བློ་གཏོད་བཅོལ་ཡུལ་གྱི་སྲིད་གཞུང་ཞིག དེ་ལ་བོད་མི་ཡོད་དོ་ཅོག་གིས་རང་དབང་ལོངས་སྤྱོད་ཀྱི་སྲིད་ཇུས་ཤིག་ཡོད་ན་རྒྱལ་ཁབ་ཞིག་ལ་ཚང་དགོས་བའི་གྲུབ་ཆ་ཞིག་ཡོང་གིན་ཡོད་ལ། འདི་ལྟ་བུའི་འགོ་མཇུག་བར་གསུམ་ཡོད་པའི་ལམ་ལུགས་ཤིག་ཡོད་ན་བོད་ཀྱི་སྒྲིག་འཛུགས་སྲ་བརྟན་ལ་ཕན་ཆེ་བར་ཡོད་ཅིང་། བྱེད་སྟངས་འདི་ནི་ཡོངས་གྲགས་ཀྱི་རྒྱལ་སྲིད་ལམ་ལུགས་ཀྱི་རྩ་ཁྲིམས་(constitutional monarchy) ཤིག་དང་བོད་རང་གི་ཁྱད་ཆོས་ལྡན་པའི་མང་གཙོའི་ལམ་ལུགས་སུ་བཤད་ནའང་མ་ཆོག་པ་མེད་སྙམ།

གཅིག་གྱུར་གྱི་བསམ་བློའི་འདུ་ཤེས་དང་རྩ་ཁྲིམས་ཀྱི་ནུས་པ།

ངས་གོང་དུ་བཤད་པ་བཞིན་རྩ་ཁྲིམས་ཀྱིས་མི་སེར་རྣམས་མཉམ་གནས་ཐུབ་ཅིང་། མི་སེར་རྣམས་ཀྱིས་རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་དེ་ལ་བརྩེ་སེམས་བསྐྲུན་ཐུབ། དེ་བཞིན་དུ་རྩ་ཁྲིམས་ཡང་དག་པ་ཞིག་ཡོད་ན་མི་དམངས་ལ་རྒྱལ་ཞེན་གྱི་འདུ་ཤེས་སྐྲུན་ཐུབ་པ་བཤད་མ་དགོས་ལ། མི་མང་གིས་ཀྱང་རྩ་ཁྲིམས་ལ་བརྟེན་ནས་རང་གི་རྒྱལ་ཁབ་ཀྱི་རིན་ཐང་དང་དགོས་མཁོ་དེ་ག་འདྲ་ཞིག་ཡིན་པ་ཤེས་ཐུབ། རེད་དེ་བོད་པ་རྣམས་ལ་དེང་སང་མཐུན་སྒྲིལ་གྱི་གོམ་ཁ་མེད་ཅིང་། མཉམ་གནས་ཀྱི་འདུན་པ་མེད་པའི་རྩ་བའི་ཐུག་ས་ནི། བོད་པ་ཚོ་ལ་གཅིག་གྱུར་གྱི་བསམ་བློའི་འདུ་ཤེས་ཤིག་མེད་པ་དེ་ཡིན། དེ་ནི་ལོ་ངོ་སྟོང་ཕྲག་གཅིག་གི་རིང་ལ་རྩ་ཁྲིམས་ཀྱི་ལྕགས་རི་གཅིག་གི་ནང་སྡོད་རྒྱུ་མ་བྱུང་པའི་ལང་ཤོར་གྱི་བསམ་བློ་འདི་ལས་བྱུང་བ་ཞིག་ཡིན་པར་འདོད།

ཡང་གཅིག་བཤད་ན། རྒྱལ་ཁབ་ཅིག་གི་སྟོབས་ཤུགས་དང་གཟི་བརྗིད་ནི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ལ་རག་ལས་ཡོད་པ་དང་། ཇི་ཙམ་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཡང་དག་པ་དང་། དྲང་བདེན། རང་གི་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པ། གཞུང་ལུགས་དང་མཐུན་པ་ཞིག་ཡིན་ན་དེ་ཙམ་གྱིས་རྒྱལ་ཁབ་ཀྱི་སྟོབས་འབྱོར་མངའ་ཐང་རྒྱས་བ་ཞིག་ཡིན། དངོས་གནས་བཤད་ན་འཛམ་གླིང་སྟེང་གི་སྟོབས་ཆེན་རྒྱལ་ཁབ་ཚོ་ལ་ངོམས་རྒྱུ་ཞིག་ཡོད་པའང་། སོ་སོའི་རྩ་ཁྲིམས་དེ་ཡིན། དེ་བཞིན་ཏུ་རྩ་ཁྲིམས་དེ་མི་དམངས་ཀྱི་ཉིན་རེའི་འཚོ་བ་དང་འབྲེལ་བ་ཡོད་ཙང། ཚང་མས་དེ་ལ་རང་བཞིན་གྱིས་བརྩི་བཀུར་དང་དོ་སྣང་བྱེད་པ་ཡིན། ཨ་རི་བ་ཚོ་ལ་སོ་སོའི་སྲིད་འཛིན་སུ་ཡིན་མིན་གསལ་བོ་མི་ཤེས་མཁན་མང་པོ་ཡོད་མོད། སོ་སོའི་རྩ་ཁྲིམས་དེ་ག་རེ་ཡིན་མིན་ཚང་མའི་བློ་ངོར་གསལ་བོ་ཡོད། རྒྱུ་མཚན་ནི་རྩ་ཁྲིམས་འདི་རང་གི་ནམ་རྒྱུན་གྱི་འཚོ་བ་དང་འབྲེལ་ཡོད་པ་ཞིག་ཡིན། དེ་བས་ང་ཚོས་ཀྱང་ཅིས་ཀྱང་ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ཉིད་ཚགས་ཚུད་པོ་དང་། གཞུང་ལུགས་དང་མཐུན་པོ་ཞིག་ཏུ་བསྐྲུན་ཐུབ་རྒྱུ་ནི་གང་ནས་ལྟོས་ཀྱང་གལ་ཆེ་བར་བསམ་ལ། མ་འོང་བོད་ཀྱི་རྩ་ཁྲིམས་དེ་ག་འདྲ་ཞིག་ཡོང་མིན་སྐོར་ལ་ད་ལྟ་ནས་གྲོས་སུ་བཏབ་ནས་མ་འགྲིག་པ་ག་ལ་ཡོད།

བསྐྱར་བཅོས།: ༢༠༢༠/༠༣/༡༢

Leave a Reply