ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་དགོས་ཟེར། 

རྒྱ་ནག་གཞུང་ནས་བོད་དང་རྒྱ་ནག་གཉིས་མེས་པོ་གཅིག་དང་རིག་གནས་གཅིག་པ་ཡིན་པ་འཛེམ་བག་མེད་པར་ཁས་མི་ལེན་པ་ནི་བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་གཏོར་བཤིག་དང་འཕེལ་རྒྱས་ལ་འགལ་རྐྱེན་བཟོས་པ་རེད་ཅེས་བསྒྲགས་འདུགརྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་གོ་སྐབས་དང་བསྟུན་ཏེ་དམ་དྲག་བཀག་སྡོམ་དང་མི་མང་གི་བློ་ཁ་བྲིད་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་ལྟར། ཁ་སང་བོད་མིའི་གསུམ་བཅུའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་བསྟུན།  རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་སྟེང་། ཁ་བྱང་ལ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་དགོས་ཟེར་བའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། རྩོམ་ཡིག་ནང་ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གི་ཏོག་དབྱིབས་འགོས་ནད་འཐབ་རྩོད་ལ་རྒྱལ་ཁ་ཐོབ་སྟེ། ཞི་འཇགས་དང་འགོས་ནད་དོགས་གཞི་ཅན་བྱུང་གི་མེད་པས། ད་ནས་བཟུང་དབུལ་སྒྲོལ་འགག་སྒྲོལ་དང་ཏཱ་ལའི་ཁ་བྲལ་ཚོགས་པར་འཐབ་རྩོད་རྒྱུན་སྐྱོང་གིས་བརྟན་ལྷིང་ལས་དོན་ལ་ཤུགས་སྣོན་བྱེད་དགོས་སྐོར་སོགས་བརྗོད་འདུག

རྩོམ་ཡིག་དེའི་ནང་དུ། ཉེ་བའི་ལོ་ཤས་རིང་ནུབ་ཕྱོགས་དགྲ་འཛིན་ཕྱོགས་གཏོགས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རིན་ཐང་ལྷག་མ་གང་ཐུབ་སྤྱད་དེ་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཟེར་བར་ཁ་གཡར་ནས་བྱ་ངན་བརྩམས་པ་དང། བོད་ཀྱི་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་ལ་གཏོར་བཤིག་བཏང་སྟེ་འཐབ་ཇུས་ཐད་ནས་རྒྱ་ནག་ལ་བཀག་སྡོམ་བྱེད་རྒྱུའི་རེ་སྟོང་འཆང་གི་ཡོད་པས། ང་ཚོས་མིག་སྔའི་བོད་ཀྱི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་བྱས་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རྩ་དོན་གལ་ཆེན་ཐད་གནས་ཚུལ་གང་རུང་འོག་དར་ཆ་ཧ་ཅང་གསལ་སྟོན་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། བྱ་སྤྱོད་ཧ་ཅང་རང་རྟོགས་བཅས་ཐུབ་པ་བྱེད་པ་ལས། ཟ་ཟིར་སྤུ་ཙམ་ཡང་མེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། ཞེས་ལབ་འདུག

ཡང་ཁ་བྲལ་ལ་ངོ་རྒོལ་བྱེད་པར་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་ནང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་རྒྱ་མི་རིགས་གཉིས་ནི་རྩ་བ་དང་རྒྱུད་པ་གཅིག་པ་དང་། མེས་པོ་གཅིག་དང་རིག་གནས་གཅིག་པ་ཡིན་པ་འཛེམ་བག་མེད་པར་ཁས་མི་ལེན་པ་དང་། བོད་ནི་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་འཛེམ་བག་མེད་པར་ཁས་མི་ལེན་པ། བོད་ཀྱི་རིག་གནས་དང་རྒྱ་ནག་གི་རིག་གནས་འཛེམ་བག་མེད་པར་ཁ་གཏད་དུ་སློང་བ་བཅས་བྱེད་ཀྱི་ཡོད། དེའི་ངོ་བོ་ནི་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་། བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་གཏོར་བཤིག་བཏང་ནས་བོད་ལྗོངས་འཕེལ་རྒྱས་ཡར་ཐོན་ལ་འགལ་རྐྱེན་བཟོ་བ་དེ་རེད།  དེར་བརྟེན། ང་ཚོས་མི་རིགས་ཁག་གི་མང་ཚོགས་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ནས་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། རྒྱ་ནག་གུང་ཁྲན་ཏང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་པ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཞེས་བརྗོད་འདུག

གཞན་ཡང་ང་ཚོས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཉེན་ཁ་ཆེ་རིགས་འགོག་ཟོན་དང་སེལ་བ་ནི་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེ་ཤོས་དེ་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་ཐད་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་བྱེད་པ་དང་སྦྲགས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་བརྟན་ལྷིང་ཡོང་བའི་འགན་ལེན་དང་། བྱ་སྤྱོད་ངོ་མར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མངོན་པར་བྱེད་དགོས་པ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་རྒྱ་ནག་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཙོ་རྒྱུན་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁེ་ཕན་ཆེ་ཤོས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་བཅས་ཡིན་པས། ང་ཚོས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས། ཞེས་བཀོད་འདུག

རྒྱ་ནག་གཞུང་གི་བཀའ་བཀོད་བཞིན་ལོ་ལྟར་གསུམ་བཅུའི་དུས་དྲན་དང་བསྟུན། རྒྱ་ནག་གཞུང་གིས་བཙུགས་བྱས་པའི་བོད་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ནང་གི་བོད་མི་ཚོར་ཆེད་དུ་དམིགས་ནས་ཆབ་སྲིད་ཀྱི་རྩོམ་ཡིག་དང་གསར་འགྱུར་འཁྱོག་བརྗོད་རིགས་སྤེལ་བཞིན་ཡོད་པ་ལྟར།  སྔར་ལོའི་བོད་མིའི་གསུམ་བཅུའི་དུས་དྲན་དང་བསྟུན་བོད་རང་བཙན་གྱི་ལྐོག་གཡོ་གཤོམ་མཁན་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་ཟེར་བ་ཞིག་སྤེལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོར་ཆོས་གོས་གྱོན་ནས་གདུག་རྩུབ་ཆེན་པོས་མི་དམངས་ལ་བཤུ་གཞོག་གཏོང་མཁན་གྱི་ཞིང་བྲན་བདག་པོ་ཞེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་དང་བོད་ཀྱི་དངོས་དོན་ལ་འཁྱོག་བརྗོད་ཀྱི་རྩོམ་ཉོག་རིམ་པར་སྤེལ་ཏེ། བོད་མི་དང་རྒྱལ་སྤྱིའི་ཐོག་མགོ་སྐོར་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་།  འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གི་ལྐོག་ཇུས་དེར་ལྡོག་ཕྱོགས་ནས་ནུས་པ་ཐོན་གྱི་ཡོད་པའི་ངོས་འཛིན་བྱེད་མཁན་རྒྱ་ནག་གཞུང་གི་དཔོན་རིགས་ནང་ཁུལ་དུའང་འབྱུང་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༡༢

Leave a Reply

One thought on “ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་དགོས་ཟེར། 

  1. བུད་དབང་ངག་དབང་བྱང་ཆུབ།

    ད་ལམ་རྒྱ་ནག་དམར་གཞུང་གི་གཏམ་བརྗོད་ནང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོབ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཐད་རིག་པ་ལྕག་སྐུད་བཞིན་དུ་སྒྲིམ་དགོས། བརྗོད་པ་དེ་གཏམ་ཨ་པས་བཏོང་གྱུ་ཨ་མ་དང་། ཁྱི་བདག་པོས་བཀག་གྱུ་མགྲོན་པོ་ཟེར་བའི་དཔེ་ལྟར་རེད། མི་རིགས་ཚང་མ་ཁ་འཐོར་དགུ་གཏོར་དུ་གཏོང་མཁན་རྒྱ་ནག་དམར་གཞུང་མ་ཏོག་སུ་ཡང་མེད། ༡༩༤༩ དམར་གཞུང་འགོ་ཁྲིད་དང་པོ་མའོ་ཚེ་ཏུང་ནས་འགོ་ཁྲིད་ཏེ་རྒྱ་ནག་གི་གཞུང་མགོ་ཏིང་རློག་ནས་རྒྱ་ནག་ཡུལ་ལུང་དེ་སྡུམ་པོ་གཉིས་ལ་འགྲོ་དགོས་བྱུང་བ་འཛམ་གླིང་མི་མང་ནས་མཐོང་གསལ་རེད། ༡༩༥༩ ལོ་རྒྱ་ནག་དམར་གཞུང་ནས་ང་ཚོའི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དཀྲོང་འཆར་གཏིང་སྟབས་བཙན་བྱོལ་དུ་གདན་ཞུ་བྱ་དགོས་ཐུག་པ་རེད། ད་དུང་༧གོང་ས་མཆོག་ནས་ཕན་ཚུན་གཉིས་སྨན་གྱི་དབུ་མའི་ལམ་གྱི་དགོང་འཆར་འདོན་གནང་དེ་ལ་དམར་གཞུང་སྐྱོན་བརྗོད་ཤུགས་ཆེ་ཞུ་བ་ལས་མི་དང་མིའི་བར་གྱིས་འབྲེལ་ལམ་ལྡོག་པའི་མ་རབ་གཏམ་བཤད་ག་ཚོད་བྱས་པ་འཛམ་གླིང་མིས་མཐོང་གསལ་རེད། ཁ་ཕྲལ་གཏོང་མཁན་ངོ་མ་དེ་རྒྱ་ནག་དམར་གཞུང་ཁྱོད་ཚོ་རེད་མ་ཏོག་གཞན་
    པ་སུ་ཡང་མེད། རིགས་གཞུང་གཅིག་པ་ཡིན་པ་མཁས་མི་ལེན་མཁན་ངོ་མ་དེ་ཁྱོད་ཚོ་རེད། དེ་སྔོན་རྒྱ་ནག་གོང་མའི་དུས་ལ་རྒྱ་ནག་ནང་ནང་ཆོས་ཡོད་པས་བོད་ནས་གོང་མའི་དབུ་བླ་མང་པོ་གདན་ཞུ་གནང་གི་ཡོད། ད་ཆ་མའོ་ཚེ་ཏུང་ནས་ནང་ཆོས་ནི་དུག་རེད་ཟེར་ནས་ཆོས་བྱེད་བླ་མ་དགེ་བཞེས་ཚང་མ་དམར་གསོད་དང་བཙོན་འཇུག ལྷ་སྐུ་རྟེན་ཚང་མ་རྩ་མེད་བཟོས་པས་ཁྱོད་ཚོར་ག་རེའི་རིགས་གཞུང་ཡོད། གལ་སྲིད་ཁྱོད་ཚོར་རིགས་གཞུང་ཞིག་ཡོད་དབང་དུ་བཏང་ན། མ་རབ་ཁྲམ་པ་དང་། བདེན་རྫུན་གོ་ལྡོག ཕན་ཚུན་བཅོམ་ཕྲོག གཡོ་སྒྱུ། དུག་དང་མཚོན་ཆ། འགྲོ་བའི་རིགས་ལ་སྡུག་བསྔལ་རྫོགས་མཐའ་མེད་པ་བཟོ་བ་ཞིག་ལས་མེད་པ་དོ། ཁྱོད་རང་བསམ་བློ་མཐོང་དང་། བདེན་པ་མ་རེད་པས།།