བུད་མེད་སྒེར་ལངས་ཐེངས་ ༦༡ པ་སྲུང་གཙི་གནང་སོང་།

འདི་ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཁ་གསལ་བཟོ་སླད་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༧ སྟེང་བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་དབུས་བོད་ཀྱི་བུད་མེད་ཚོགས་པས་གོ་སྒྲིག་འོག བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཟུར་དང་བོད་ཀྱི་བཙུན་མའི་ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་དང་། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། དེ་བཞིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ། བོད་ཀྱི་བུད་མེད་ཚོགས་པའི་དབུས་ས་གཉིས་ཀྱི་འཐུས་མི་ཁག་ཅིག་བཅས་འཛོམས་ཡོད་པ་དང་། མཛད་སྒོ་གྲོལ་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དྷ་ས་མེག་ལོར་སུམ་མདོ་བར་སྐད་འབོད་གོམས་བགྲོད་གནང་སོང་།

མཛད་སྒོའི་ཐོག་མར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་རྒྱུན་དངུལ་གཉེར་ཚེ་རིང་སྒྲོལ་མ་ལགས་ཀྱིས། བུད་མེད་ལྷན་ཚོགས་ཀྱི་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པའི་ཐོག་སྤེལ་བའི་བསྒྲགས་གཏམ་ལྗགས་ཀློག་གནང་བའི་ནང་།  དེ་རིང་ནི་བོད་ཀྱི་བུད་མེད་ཀྱིས་རང་དབང་གྱེན་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་༦༡ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། སྤྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་ཡུན་རིང་ཞི་བདེར་གནས་པའི་བོད་རྒྱལ་ཁབ་དེ་བཞིན་རྒྱ་གཞུང་གི་དྲག་གནོན་བྱས་པའི་ཉིན་མོ་ཞིག་ཆགས་ཡོད། དུས་དེར་བོད་ཀྱི་སྐྱ་སེར་ཕོ་མོ་སྟོང་ཚོ་མང་པོ་དྲག་གནོན་འོག་འདས་གྲོངས་སོང་བ་དང་། རྒྱ་གཞུང་གིས་བོད་དུ་དྲག་པོའི་བཙན་གནོན་བཏང་ཡོད་ཀྱང་། བོད་མིའི་ངོས་ནས་ཞི་བའི་ཐོག་ནས་ངོ་རྒོལ་མཐའ་འཁྱོངས་བྱས་ཡོད། དུས་ཡུན་རིང་ཞིང་དཀའ་ཚགས་ཆེ་བའི་མི་ལོ་ ༦༡ གི་རིང་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་ཆོལ་གསུམ་བོད་མི་དཔའ་མོ་ཡོངས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཁོ་ཚོའི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་མ་ཟད། ༧གོང་ས་མཆོག་གི་ཡང་དག་པའི་རླབས་ཆེན་གྱི་དབུ་འཁྲིད་འོག་ང་ཚོའི་དམིགས་ཡུལ་ལེགས་གྲུབ་ཡོང་བའི་འབད་བརྩོན་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

བོད་ནང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དང་འབྲེལ་བོད་མི་སྤྱིའི་འཚོ་གནས་དང་བྱེ་བྲག་ཏུ་བོད་ཀྱི་བུད་མེད་རྣམས་ཀྱི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐོར་ལ་བསྒྲགས་གཏམ་ནང་།  དེང་སྐབས་བོད་དུ་ལག་ལེན་བསྟར་བཞིན་པའི་འཆར་ལྡན་བུ་བཙའ་ཞེས་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་དེས་བོད་མི་རིགས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་བཟོས་པ་མ་ཟད། བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་ལའང་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། སྲིད་ཇུས་དེའི་ཐོག་ནས་བོད་ཀྱི་བུད་མེད་དང་ཁོ་ཚོའི་ནང་མི་མང་པོ་འཛིན་བཟུང་དང་། དངུལ་གྱི་ཉེས་ཆད་སྤྱོད་པ། དེ་བཞིན་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་དབང་གིས་ཕྲུ་གུ་མངལ་ནས་ཤོར་ཏེ་འདས་གྲོངས་སུ་གྱུར་བ་སོགས་ཀྱི་དཔེ་མཚོན་མང་པོ་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད་པའི་བྱ་སྤྱོད་དེ་དག་གིས་ཁོ་ཚོའི་ལུས་ཙམ་མ་ཟད། བུད་མེད་ཀྱི་ནང་སེམས་ལའང་གནོད་སྐྱོན་ཆེན་པོ་བཏང་ཡོད། གཞིས་ལུས་བོད་མི་རྣམས་ཀྱིས་མྱངས་པའི་སྡུག་བསྔལ་ནི་ཚད་ལས་འདས་པ་ཞིག་ཡིན་ཞིང་། རྒྱ་གཞུང་གི་དམིགས་ཡུལ་ནི་རྒྱུད་རིམ་ལྡན་པ་ཞིག་ཡིན་པ་དང་། རིས་མེད་དགོན་སྡེ་ཁག་གི་ནང་ཡོད་པའི་བཙུན་མ་རྣམས་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་ཕུད་བྱས་ཏེ་གཅིག་བསྡུས་ཀྱི་ཐོག་ནས་བཙོན་ཁང་དུ་བཙོན་འཇུག་དང༌། རྒྱལ་གཅེས་རིང་ལུགས་ཟེར་བའི་རྒྱ་གཞུང་གི་སློབ་གསོ་དང༌། བཙན་ཤེད་ཀྱིས་དམག་ཆས་གྱོན་དུ་བཅུག་སྟེ་སྡིངས་ཆའི་ཐོག་ནས་དར་ཁྱབ་ཆེ་བའི་དམར་ཤོག་གི་གླུ་གཞས་འཁྲབ་སྟོན་བྱེད་དུ་འཇུག་གི་ཡོད། དེ་ལྟ་བུའི་བརྙས་བཅོས་དང་གཉའ་གནོན་ལ་བཟོད་ཐབས་བྲལ་བའི་དབང་གིས་ཕྱི་ལོ་ ༢༠༡༦ བུ་མོ་གསུམ་གྱིས་རང་ཤི་བརྒྱབ་པ་དང་། རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཡང་ནས་ཡང་དུ་ཐོན་ཡོད། དེ་ལྟ་བུའི་གནས་སྟངས་འོག་གཞིས་བཞུགས་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་སྙིང་སྟོབས་དང་མཆོད་སེམས་ཧ་ཅང་བརྟན་པོ་ཡིན་པ་མ་ཟད། རྒྱ་གཞུང་གི་གནད་ཡོད་མི་སྣར་ཡང་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༥༦ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། དེའི་ནང་ནས་མི་གྲངས་ ༢༨ ནི་བུད་མེད་ཆགས་ཡོད། ཞི་བའི་ངོ་རྒོལ་དང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཐོན་ཐེངས་རེར་ཁོ་ཚོ་ཚང་མས་བོད་ལ་དོན་དམ་གྱི་རང་དབང་དགོས་པ་དང༌། ༧གོང་ས་མཆོག་བོད་དུ་ཆིབ་བསྒྱུར་གནང་དགོས་པའི་འབོད་སྒྲ་སྒྲོག་བཞིན་ཡོད། ཅེས་བཀོད་འདུག

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཁ་གསལ་བཟོ་སླད་འདི་ལོར་བུད་མེད་ལྷན་ཚོགས་ངོས་ནས་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་སྐོར་ལ། བོད་མི་མང་གི་ངོས་ནས་བཤད་ན་༧གོང་ས་མཆོག་སྐུ་ཁམས་གསལ་ཐང་ཡིན་པའི་དུས་སྐབས་འདིར། བོད་མི་མང་ལ་ལམ་སྟོན་གནང་མཁན་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གསལ་པོ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད། དེ་ལ་བརྟེན་ནས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སྤྱི་ལོ་ ༢༠༢༠ ལོར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་གོ་སྒྲིག་བྱ་རྒྱུ་དང་། ལས་འགུལ་དེ་གྲོང་ཁྱེར་དང་ས་གནས་མང་པོར་ཁྱབ་ཐུབ་པ་དང་། དབུ་འཁྲིད་དང་མི་མང་འབོར་ཆེན་ཞིག་ལ་ཐུག་འཕྲད་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བུད་མེད་སྒེར་ལངས་ཐེངས་ ༦༡ པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་དབུས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་མགོ་འཁྲིད་དང་གྲོས་ཚོགས་འཐུས་མི། དེ་བཞིན། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་དགོས་འདུན་དོན་ཚན་བཞི་བཏོན་གནང་འདུག་ལ། དེ་དག་ནི་གཅིག་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྱད་དེ་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་སྐྱར་གསོ་བྱེད་དགོས། གཉིས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་སྡེ་ཚན་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། གསུམ་བོད་མི་ཚོས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་ྋགོང་ས་མཆོག་གི་ཡང་སྲིད་ལ་ངོས་ལེན་གཏན་ནས་བྱེད་མི་སྲིད་ལ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ནི་བོད་ཀྱི་ཆོས་ལུགས་ཀྱི་གནད་དོན་ཁོ་ན་ཡིན་པར་བརྟེན། གནད་དོན་འདི་ཐག་གཅོད་བྱེད་པའི་སྐུ་དབང་ཡོད་ཚད་༧གོང་ས་མཆོག་ཁོ་ནར་ཡོད། བཞི་བ་ཞི་ཅིང་ཕིང་གི་ངོས་ནས་གསར་འགོད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་པའི་འབོད་སྐུལ་བཅས་ཡིན་འདུག

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྣང་ས་ཆོས་སྒྲོན་ལགས་ཀྱིས། ད་རེས་མཛད་སྒོ་འདི་གཞུང་འབྲེལ་ཡིན་མིན་ལ་མ་ལྟོས་པར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དབུ་འཁྲིད་པའི་བོད་ཀྱི་མཛད་སྒོ་ཆེན་པོ་ཞིག་རེད། མཛད་སྒོ་འདི་ང་ཚོའི་རྩ་དོན་དང་འབྲེལ་བ་ཡོད་པ་ཙམ་མ་ཡིན་པར། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རྒྱུན་མ་ཆད་པར་སྲུང་གཙི་བྱས་ནས་ཡོང་ཡོད་པ་རེད་ལ། ད་རེས་བུད་མེད་སྒེར་ལངས་ཐེངས་ ༦༡ པའི་ཐོག་ལ་ཡིན་ནའང་། ང་ཚོའི་མི་རབས་མང་པོ་བརྗེ་པོ་བརྒྱབ་འགྲོ་ཡི་ཡོད་པ་རེད་དེ། ང་ཚོའི་རྩ་དོན་ཐོག་ནས་དུས་དྲན་འདི་མུ་མཐུད་འགྲོ་དགོས་ཀྱི་ཡོད་པ་དང་། མཐའ་མའི་གྲུབ་འབྲས་དེ་༧གོང་ས་མཆོག་གི་དབུ་འཁྲིད་དང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་ཇུས་དབུ་མའི་ལམ་བརྒྱུད་བོད་ཀྱི་རང་དབང་སླར་གསོ་བྱ་རྒྱུ་མུ་མཐུད་འགྲོ་ཡི་ཡོད་པ་རེད། དེ་ཡང་ང་ཚོའི་ཐུག་ས་དེ་གླང་ཆེན་དང་ཙི་ཙི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་དམར་པོའི་གཞུང་ཆགས་ཀྱི་ཡོད་ཀྱང་། ཙི་ཙི་གླང་ཆེན་གྱི་རྐང་འོག་ནས་མ་ཤི་བར་འགྲོ་ཡི་ཡོད་པའི་གནས་སྟངས་འོག ང་ཚོ་མི་ལོ་ ༦༠ རིང་རྒྱལ་སྤྱིའི་རོགས་རམ་དང་བོད་མི་ཚོས་དཀའ་ལས་བརྒྱབ་པ་སོགས་ལ་བརྟེན་ནས་ད་ལྟ་རང་མགོ་འཐོན་པ་ཞིག་བྱས་ནས་བསྡད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་གསུང་དོན། ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ང་ཚོ་ད་དུང་ཡང་ཕྱི་ལོ་ ༡༩༥༩ ནང་བཞིན་ང་ཚོའི་རང་དབང་བསྐྱར་གསོ་བྱ་མ་ཐུབ་པའི་གནས་སྟངས་འོག་བསྡད་ཡོད་དུས། མི་རབས་མང་པོ་ཞིག་བརྗེ་འགྲོ་ཡི་ཡོད་པ་དང་མི་ལོ་ ༦༠ བརྒལ་འགྲོ་དུས་མི་ཞིག་གི་མི་ཚེ་རྫོགས་འགྲོ་ཡི་ཡོད་པའི་གནས་སྟངས་ཆགས་བསྡད་ཡོད་ཀྱང་། ང་ཚོའི་རྩ་དོན་ལ་ཐུག་དུས་༧གོང་ས་མཆོག་གི་དབུ་འཁྲིད་དང་མཚན་སྙན་གྲགས་རྒྱལ་སྤྱིའི་སྟེང་སྔར་ལས་དར་ཞིང་རྒྱས་བཞིན་ཡོད་ལ། བོད་པའི་ངོ་བོའི་ཐོག་བཙན་བྱོལ་ནང་མི་མང་གིས་མངོན་གསལ་དོད་པོའི་ཐོག་ནས་ལས་འགུལ་སྤེལ་ཏེ་རྒྱལ་སྤྱིའི་སྟེང་བོད་པའི་ངོ་བོ་དང་ཆོས་དང་རིག་གཞུང་དེ་འཕེལ་རྒྱས་ཕྱིན་ཡོད། འོན་ཀྱང་། ད་ལྟ་ང་རང་ཚོའི་ནང་ཁུལ་གྱི་གནས་སྟངས་མང་པོ་ཞིག་ལ་བལྟས་ཡོང་དུས་བོད་ཀྱི་སྐད་ཡིག་མཚོན་པའི་ཆོས་དང་རིག་གཞུང་དེ་དག་རང་བཞིན་གྱིས་ཉམས་རྒུད་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། དཔེ་མཚོན་ཙམ་ཞུས་ན། ང་ཚོའི་མི་རབས་བརྗེ་འགྲོ་ཡི་ཡོད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་ཕ་མ་མང་པོ་ཞིག་གི་བུ་ཕྲུག་ཚོའི་སྐད་ཡིག་ལ་འགྱུར་བ་འགྲོ་ཡི་ཡོད་ཀྱང་། བོད་ཀྱི་རྩ་དོན་དང་མི་རིགས་ཀྱི་གནས་བབ་ཐོག་ནས་ཕ་མ་ཚང་མས་སོ་སོའི་བུ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་རིག་གཞུང་སླར་གསོ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།

གཞན་དེ་རིང་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་དང་དྲུང་ཆེ་བསོད་ནམས་ཚེ་རིང། དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོས་གཙོས་ས་གནས་རོ་ཧི་ནིའི་གཞོན་ལྷན་ཚོགས་མི་བཅས་ཁྱོན་བོད་མི་ ༢༧ གྱིས་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་རྒོལ་མཆོང་གི་ལས་འགུལ་སྤེལ་སྐབས། ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་ཁུལ་དེའི་མན་དྷིར་མག་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༡༢

Leave a Reply

One thought on “བུད་མེད་སྒེར་ལངས་ཐེངས་ ༦༡ པ་སྲུང་གཙི་གནང་སོང་།

  1. ངག་དབང་བྱང་ཆུབ།

    དེ་རིང་བཙན་བྱོལ་བོད་མིའི་བུད་མེད་ཚོགས་པའི་ཚོགས་པ་འདི་ཚུགས་ནས་མི་ལོ ༦༡ འཁོར་བའི་དྲན་སོ་དང་། པན་ཆེན་སྐུ་འཕྲེང ༡༡ པའི་རང་དབང་དགོས་པའི་སྐོར་གསལ་བཤད་དང། བུད་མེད་ཚོགས་པའི་ལས་དོན་གསལ་བཤད་གནང་བ་དགའ་སྤྲོ་ཆེ། འོན་ཀྱང་ ༡༩༥༩ གསུམ་དུས་གནས་ཚུལ་ཕམ་ཉེས་བྱུང་རྗེད་ཕོ་ཟས་མོ་ལ་ཐུག་ཀྱང་རྒྱ་ནག་དམར་པོའི་དབང་སྒྱུར་ངོ་རྒོལ་བྱ་རྒྱུ་ཐག་གཅད་དེ་རང་སྲོག་དོར་མཁན་དགའ་གླིང་ཤར་ཆོས་ལགས་དང་།
    རྩེ་ཐང་སྙིས་ལགས། སྙེ་མོའི་ཨ་ནེ་འཕྲིན་ལས་ཆོས་སྒྲོན་སོགས་ཀྱི་མིང་ཙམ་སྒྲགས་མ་སོང་བས། བུད་མེད་ཚོགས་པའི་ངོ་བོ་ངོ་མི་ཤེས་པ་དང་། དབུས་གཙང་གིས་ཕོ་ཟས་མོ་ལ་ཐུགས་ཀྱང་རྒྱ་དམར་ལ་མགོ་མི་གུར་བའི་བྱས་རྗེས་གང་ཡིན་མི་ཤེས་པ་དང་། མོ་ཟས་བྱིས་པ་ཐུག་པའི་སྟག་འབྲུག་གཞོན་ནུ་ཡོངས་རྫོགས་རྒྱ་དམར་ནས་དམར་གསད་གཏང་བའི་སྐོར་གོ་ཚོར་གྱི་གསུང་བཤད་ཟུར་ཙམ་ཡང་མི་འདུག་པས། དབུས་གཙང་ཕོ་མོ་བྱིས་པ་བཅས་ཀྱི་ལས་
    འགུལ་ལ་ད་ལྟའི་མི་ཐོག་འདིས་གོ་ཚོར་མེད་པ་འདི་བློ་ཕམ་ཧ་ཅང་ཆེ།།