སྤུབས་ཕྲན་སྤོ་འཛུགས་ཀྱི་བཅོས་ཐབས་ལ་བརྟེན་ནས་ཨེ་ཙི་ནད་པ་དྲག་སྐྱེད་བྱུང་།

དབྱིན་ཇིའི་ཁེམ་བྷི་རི་ཇི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྨན་པ་ཚོས་མིའི་ལུས་ཕུང་གི་སྤུབས་ཕྲན་སྤོ་འཛུགས་ཀྱི་སྨན་བཅོས་ཐབས་ལམ་ལ་བརྟེན་ནས་ཨེ་ཙི་ནད་པ་ཞིག་དྲག་སྐྱེད་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན། སྨན་བཅོས་དང་འབྲེལ་བའི་དུས་དེབ་ (The Lancet HIV) ཀྱིས་བཏོན་པའི་གནས་ཚུལ་ལྟར་ན། དབྱིན་ཡུལ་གྱི་ཁེམ་བྷི་རི་ཇི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་གྱིས་ཨེ་ཙི་འགོས་ནད་ཅན་གྱི་ནད་པའི་ལུས་ཕུང་གི་སྤུབས་ཕྲན(Stem-cell)སྤོ་འཛུགས་ཀྱི་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས། ལྷོ་ཨ་མི་རི་ཁའི་ཝེ་ནེ་ཛུ་ལ(Venezuela)རྒྱལ་ཁབ་ནས་ཡིན་ཞིང་མིང་ལ་ཨེ་གྲེམ་ཁཱས་ཏི་ལེ་ཇོ་(Adam Castillejo)ཞེས་པའི་སྐྱེས་པ་ཞིག་ཨེ་ཙི་ནད་ལས་དྲག་སྐྱེད་བྱུང་ཡོད་འདུག

ཨེ་ཙིའམ་གཉན་ནད་རེག་དུག་གི་བཅོས་ཐབས་དེ་དང་འབྲེལ་ནས་ཨ་རིའི་ཁེམ་བྷི་རི་ཇི་གཙུག་ལག་སློབ་གཉེར་ཁང་ (University of Cambridge)གི་སློབ་དཔོན་ཆེན་མོ་ར་ཝིན་དྷ་ར་ཀུ་མཱར་གྷུབ་ཏཱ་ (Ravindra Kumar Gupta)ལགས་ཀྱིས། གནད་དོན་འདིས་གཉེན་ནད་རེག་དུག་ལ་སྨན་བཅོས་བྱེད་ཐབས་ཡོད་པ་མཚོན་ཀྱི་ཡོད་པ་རེད། ཅེས་དང་། བཅོས་ཐབས་འདི་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པ་ཤེས་གལ་ཆེ་བ་དང་། བཅོས་ཐབས་དེ་ནི་སྲོག་ཉེན་ལ་འཕྲད་དེ་གདམས་གསེས་གཞན་མེད་མཁན་ཚོའི་ཆེད་དུ་ཡིན་པ་ལས་བཅོས་ཐབས་གཞན་ལ་བརྟེན་བཞིན་པ་རྣམས་ཀྱི་ཆེད་དུ་མིན་པ་དང་།  དེ་བཞིན་སྦུབས་ཕྲན་སྤོ་འཛུགས་བྱེད་པའི་སྨན་བཅོས་བྱེད་ཐབས་འདི་ལ་བརྟེན་ནས་མ་འོངས་པར་བཅོས་ཐབས་བདེ་རུ་གཏོང་ཐབས་རྙེད་སྲིད་སྐོར་སོགས་བརྗོད་འདུག

འཛམ་གླིང་ཨེ་ཙི་ནད་དུག་འགོས་ཁྱབ་བྱུང་བའི་ལོ་རྒྱུས་ཁྲོད། ད་བར་ཨེ་ཙི་ནད་ལས་དྲག་སྐྱེད་བྱུང་བའི་མི་གཉིས་ལས་བྱུང་མེད་པ་དང་། ཕྱི་ལོ་ ༢༠༡༡ ལོར་བཅོས་ཐབས་འདི་ལ་བརྟེན་ནས་ཨེ་ནད་འགོས་ཁྱབ་བྱུང་བའི་དབྱིན་ཇིའི་སྐྱེས་པ་མིང་ལ་ཊི་མོ་ཐི་བྷ་རོན་(Timothy Brown)ཞེས་པ་ཞིག་དྲག་སྐྱེད་བྱུང་ཡོད་པ་དང་། ཁོང་ནི་འཛམ་གླིང་གི་ཨེ་ཙི་ནད་པ་དྲག་སྐྱེད་བྱུང་བ་ཆེས་ཐོག་མ་ཡིན་འདུག  ཐེངས་འདིར་ཨེ་ཙི་ནད་དུག་ལས་དྲག་སྐྱེད་བྱུང་བའི་ཨེ་གྲེམ་ཁཱས་ཏི་ལེ་ཇོ་ཡིས། ང་ནི་ཧ་ཅང་སྐལ་བ་བཟང་པོ་དང་གཞན་དང་མི་འདྲ་བའི་གནས་བབ་ཞིག་གི་འོག་ཏུ་ཡོད་པས། ཨ་ཙི་ནད་དུག་ཕོག་པའི་མི་རྣམས་ཀྱི་རེ་བའི་མཚོན་བྱེད་ཞིག་བྱ་འདོད་ཡོད་པ་དང་། སྤྱི་ཚོགས་ཁྲོད་མི་ཚོའི་སེམས་སུ་ནད་འབུ་ཅན་ལ་ལྟ་སྟངས་མི་ལེགས་པ་ཞིག་ཡོད་པ་དེ་བསྒྱུར་འདོད་ཡོད། ཅེས་བརྗོད་འདུག

ཨེ་ཙི་སྨན་བཅོས་གསོ་རིག་སྨན་པ་ཚོས་ཨེ་ཙི་ནད་དུག་ལས་དྲག་སྐྱེད་བྱུང་བའི་མི་གཉིས་ཀྱི་ལུས་ཀྱི་ནད་འགོག་མ་ལག་གི་ཕྲ་སྲིན་ཡོངས་ཀྱི་བརྒྱ་ཆའི་ ༩༩ ཙམ་སྤོ་འཛུགས་བྱས་པའི་སྤུབས་ཕྲན་ཡིན་པ་དང་། དེའི་ཁྲོད་ཨེ་ཙི་ནད་འབུ་ཡི་ཆ་ཤས་ཀྱང་ཡོད་པ་དང་། ད་དུང་ནད་དུག་དེ་བཞིན་ཕྱིར་མི་ཡོང་བའི་ངེས་པ་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་ན་ཡང་། ད་ལྟ་ཆར་ཨེ་ཙི་ནད་དུག་ཅན་དེ་དྲག་སྐྱེད་བྱུང་ནས་ཟླ་ ༣༠ ལྷག་འགྲོ་ཡི་ཡོད་ནའང་ལུས་ཨེ་ཙིའི་ནད་འབུ་སྐྱེས་འཕེལ་བྱུང་གི་མེད་པ་རེད། སྤྱིར་ནད་པ་འདི་གཉིས་ལ་སྨན་བཅོས་བྱེད་ཆེད་སྨན་རྫས་ལ་ཡུན་རིང་བསྟེན་ཡོད་ནའང་། དྲག་སྐྱེད་མ་བྱུང་སྟབས་ལུས་ཕུང་གི་སྦུབས་ཕྲན་སྤོ་འཛུགས་ཀྱི་སྨན་བཅོས་བྱེད་ཐབས་ཤིག་ལ་བསྟེན་པ་ཡིན་འདུག

སྨན་བཅོས་བྱེད་ཐབས་འདི་བཞིན་ནད་པའི་ལུས་སུ་མི་གཞན་གྱི་སྦུབས་ཕྲན་སྤོ་འཛུགས་བྱེད་པའི་སྨན་བཅོས་ཐབས་ལམ་ཞིག་ཡིན་པ་དང་།  ནད་པའི་ལུས་ཕུང་གི་ནད་འགོག་མ་ལག་གི་སྦུབས་ཕྲན་རྣམས་བརྗེ་སྟེ། དེས་ནད་པའི་ལུས་ཀྱི་ཨེ་ཙི་ནད་འབུ་འཕེལ་བར་འགོག་རྒོལ་གྱིས་དྲག་སྐྱེད་བྱུང་གི་ཡོད་ན་ཡང་། སྨན་བཅོས་བྱེད་ཐབས་དེ་ནི་ད་སྔ་འཛམ་གླིང་གི་ཨེ་ཙི་ནད་དུག་ཅན་ཚང་མར་ཡོངས་ཁྱབ་ངང་སྤྱོད་རྒྱུ་མིན་ན་ཡང་། ཨེ་ཙི་ནད་འབུ་ལ་བརྟེན་ནས་བྱུང་བའི་སྐྲན་ནད་རིགས་བཅོས་ཐབས་སུ་སྤྱོད་རྒྱུ་ཡིན་འདུག

གཉེན་ནད་རེག་དུག་ནི་དུས་རབས་ ༢༠ པའི་དུས་མཇུག་ཏུ་ལྷོ་ཨ་ཧྥི་རི་ཁའི་གླིང་ཆེན་ནང་སྤྲེའུ་ལས་མི་ལ་འགོས་ཁྱབ་ཕྱིན་ཡོད་སྐོར་ཚན་རིག་པ་ཚོས་བརྗོད་བཞིན་ཡོད་པ་དང་། འགྲོ་བ་མིའི་སྤྱི་ཚོགས་ནང་ཕོ་མོས་འཁྲིག་སྤྱོད་དང་།  གཉེན་ནད་རེག་དུག་ནད་པའི་ནུ་ཞོ། དེ་བཞིན་སྐྲ་དང་ཁ་སྤུ་བཞར་ཆས། སྨན་ཁབ་བཅས་ནས་ཁྲག་འདྲིས་པ་དང་། ཁྲག་སྦྱིན་སོགས་ལས་འགོས་ཀྱི་ཡོད་པ་ད་ང། ནད་གཞི་འདི་ཐོག་མར་ ༡༩༨༠ ཙམ་ལ་ངོས་འཛིན་བྱུང་རྗེས་ད་བར་ནད་པ་ས་ཡ་ ༣༦།༢ ལྷག་དང་། ནད་གཞི་འདིའི་རྐྱེན་གྱིས་མི་ས་ཡ་ ༦།༥ ཙམ་འདས་གྲོངས་སུ་ཕྱིན་ཚར་ཡོད་འདུག འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༨ ལོ་གཅིག་པུར་འཛམ་གླིང་ཡོངས་སུ་གཉེན་ནད་རེག་དུག་ཅན་ས་ཡ་ ༣༦།༩ དང་། ལོ་དེར་གཉེན་ནད་རེག་དུག་འགོས་ཁྱབ་བྱུང་བ་མི་གྲངས་ས་ཡ་ ༡།༧ ཡོད་པ། དེ་འབྲེལ་གྱི་འདས་གྲོངས་སུ་ཕྱིན་པ་གྲངས་ས་ཡ་ ༨ མ་ཟིན་ཙམ་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༡༢

Leave a Reply