ཇོ་མོ་གླང་མའི་རི་འཛེགས་བྱ་འགུལ་མེད་པ་བཟོས།

བལ་གཞུང་གིས་དེ་རིང་ནས་འདི་ལོའི་ཕྱི་ཟླ་ ༤་ཚེས་༣༠་བར་ཕྱི་མིར་ཐོངས་མཆན་སྤྲོད་རྒྱུ་མཚམས་བཞག་ཡོད་འདུག

དེ་རིང་ཀཐ་མན་གྲུ་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་ཡམས་དེ་འཛམ གླིང་རང་བཞིན་གྱི་ནད་ཡམས་ཤིག་ཏུ་ངོས་འཛིན་གསལ་བསྒྲགས་བྱས་པ་ལྟར། ཁ་སང་བལ་གཞུང་གིས་དེ་རིང་ནས་ཕྱི་ཟླ་ ༤ ཚེས་ ༣༠ བར་ ཕྱི་འབྲེལ་སྐུ་ཚབ་དང་གཞུང་འབྲེལ་མི་སྣ་ཕུད་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་རྣམས་ལ་ཐོངས་མཆན་སྤྲོད་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་ཡོད་འདུག

བལ་ཡུལ་གྱི་ཡུལ་སྐོར་དང་སྤྱི་དམངས་མཁའ་འགྲུལ་བློན་ཆེན་ཡོ་གེ་ཤི་བྷ་ཏཱ་རའེ་ (Yogesh Bhattarai) ཡིས། གཞུང་གིས་གནས་སྐབས་རིང་དཔྱིད་གསར་གྱི་ཡུལ་སྐོར་བྱ་འགུལ་རིགས་སྒོ་བརྒྱབ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། འབྱུང་འགྱུར་འཛམ་གླིང་གི་གནས་སྟངས་ལ་དཔག་སྟེ་ཐག་གཅོད་དེར་འགྱུར་བ་གཏོང་སྲིད་པ་རེད། ཅེས་བརྗོད་ཡོད་འདུག

བལ་གཞུང་གི་འབྲེལ་ཡོད་གཞུང་འབྲེལ་མི་སྣས་བལ་ཡུལ་གྱི་ཆ་འཕྲིན་ཁང་ལ་བརྗོད་པ་ལྟར་ན། ཁ་སང་བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གཅིག་ལྕོགས་པོ་ཁེ་རལ་(Pokhrel) གྱིས་སྣེ་ཁྲིད་པའི་ཆེས་མཐོའི་ཚོགས་ཆུང་གིས་ཛ་དྲག་ཚོགས་འདུ་བསྐོངས་ཏེ། གནས་སྐབས་རིང་རྒྱ་གར་དང་བལ་ཡུལ་བར་ས་ཐོག་ནས་ཕར་འགྲོ་ཚུར་འོང་བཀག་འགོག་བྱ་རྒྱུ་ཙམ་དུ་མ་ཟད། རི་འཛེགས་སོགས་དཔྱིད་གསར་གྱི་ཡུལ་སྐོར་བའི་བྱ་འགུལ་རིགས་སྒོ་བརྒྱབ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད། ཡིན་ན་ཡང་ཕྱི་མི་ཞིག་ཛ་དྲག་གིས་བལ་ཡུལ་དུ་བསྐྱོད་དགོས་བྱུང་ཚེ། རང་རང་སོ་སོའི་རྒྱལ་ཁབ་ཀྱི་བལ་ཡུལ་གཞུང་ཚབ་ཁང་དུ་ཏོག་དབྱིབས་ནད་ཡམས་མེད་པའི་སྨན་པའི་རྒྱབ་གཉེར་སྟོན་དགོས་ཀྱི་ཡོད་འདུག

བལ་ཡུལ་ལ་མཚོན་ན་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རི་འཛེགས་བྱ་འགུལ་ཁྲོད། བལ་གཞུང་ལ་ལོ་རེར་ཨ་སྒོར་ས་ཡ་ ༡༤ལྷག་གི་ཁེ་ཕན་ཐོབ་ཀྱི་ཡོད་པ་དང་། འདས་ལོར་མཚོན་ན་བལ་ཡུལ་གྱི་ཡུལ་སྐོར་ཚན་པས་ཕྱི་མི་ ༣༨༢ ཚུད་པའི་ཁྱོན་མི་གྲངས་ ༡༠༢༤ ལ་ཇོ་མོ་གླང་མར་འཛེག་རྒྱུའི་ཆོག་མཆན་སྤྲད་པའི་ཁྲོད་ནས་མི་གྲངས་ ༦༤༤ རི་རྩེར་འཛེགས་ཐུབ་ཡོད་པ་རེད། ཉེ་ཆར་རྒྱ་ནག་གཞུང་ངོས་ནས་ཀྱང་བོད་ཕྱོགས་ཀྱི་ཇོ་མོ་གླང་མའི་རི་འཛེགས་བྱ་འགུལ་གནས་སྐབས་རིང་སྒོ་བརྒྱབ་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་ཡམས་དེ་གོ་ལའི་རྒྱ་ཁྱབ་ནད་ཡམས་ཤིག་ཏུ་ངོས་འཛིན་གསལ་བསྒྲགས་བྱེད་སྐབས། ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས། ཏོག་དབྱིབས་ནད་ཡམས་དེའི་འགོས་ཚད་དང་ཚབས་ཆེའི་རང་བཞིན་ཙམ་དུ་མ་ཟད། དེར་སྣང་མེད་གཏོང་བཞིན་པའི་གནས་སྟངས་ཀྱི་རྐྱེན་པས། དེ་ཉིད་རྒྱ་ཁྱབ་ནད་ཡམས་ཤིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

བལ་ཡུལ་ནང་ལ་མཚོན་ན། ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་ཕོག་མཁན་ ༡ མ་གཏོགས་བྱུང་མེད་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་གར་ནང་དེ་རིང་ཉིན་གུང་བར་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་བའི་ནད་པ་ ༡ དང་། ནད་ཡམས་ཡོད་མཁན་མི་གྲངས་ ༧༥ ལ་འཕར་ཡོད་པ་དང་། ཁ་སང་རྒྱ་གར་གཞུང་གིས་ཀྱང་ནད་ཡམས་སྟངས་འཛིན་ཆེད་ཕྱི་ཟླ་ ༤ ཚེས་ ༡༥ བར་ཕྱི་འབྲེལ་སྐུ་ཚབ་དང་གཞུང་འབྲེལ་མི་སྣ། དེ་བཞིན་ཕྱི་སྡོད་རྒྱ་གར་མི་སེར་རྣམས་ཕུད་ཕྱི་མིར་ཐོངས་མཆན་སྤྲོད་མཚམས་བཞག་ཡོད་པ་མ་ཟད། གནས་སྐབས་རིང་ས་མཚམས་ཡོད་ཚད་སྒོ་བརྒྱབ་ཡོད་འདུག

གཞན་ཡང་རྒྱ་གར་གྱི་ལྷོ་བརྒྱུད་མངའ་སྡེ་ཀེ་རེ་ལ་དང་རྒྱལ་ས་ལྡི་ལིའི་གནས་སྟངས་ཛ་དྲག་ཡིན་པའི་རྐྱེན་གྱིས་མི་མང་འདུ་འཛོམས་བཀག་འགོག་ཆེད་སློབ་གྲྭ་དང་གློག་བརྙན་ཁང་སྒོ་བརྒྱབ་ཡོད་འདུག

ཨལ་ཇེ་ཛི་ར་གསར་ཁང་གི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་པ་ ༡,༢༨,༠༠༠ དང་། རྐྱེན་འདས་སུ་སོང་བའི་མི་གྲངས་ ༤,༧༠༠ ལ་འཕར་ཡོད་ཅིང་། རྒྱ་ནག་གཅིག་པུར་ཏོག་དབྱིབས་ནད་པ་ ༨༠,༩༣༢ དང་། འདས་གྲོངས་སུ་གྱུར་བའི་མི་གྲངས་ ༣༡༧༢། དེ་བཞིན་རྒྱ་ནག་གི་རྗེས་སུ་ཨི་ཊ་ལིའི་ནང་ཏོག་དབྱིབས་ནད་ཅན་ ༡༢,༤༦༢ དང་། རྐྱེན་འདས་སུ་སོང་བའི་མི་གྲངས་ ༡༠༡༦ ལ་འཕར་ཡོད་འདུག གཞན་ཡང་ལྷོ་ཀོ་རི་ཡ་དང་། ཉི་ཧོང་། སི་པིན། ཨ་རི། ཨི་རཱན། འཇར་མན། ཧྥ་རན་སི་བཅས་ཀྱི་ནང་གི་གནས་སྟངས་ཅུང་ཛ་དྲག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

ད་ལྟའི་ཆར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེར་བྱེད་བཞིན་པའི་གནས་ཚུལ་གཅིག་ནི། རྒྱལ་ཁབ་ཀྱི་གནད་ཡོད་མགོ་འཁྲིད་དང་གློག་བརྙན་འཁྲབ་སྟོན་པ། རྩེད་འགྲན་པ་སོགས་མི་སྣ་གྲགས་ཅན་མི་ཉུང་བ་ཞིག་ལ་ཡང་ཏོག་དབྱིབས་ནད་ཡམས་འགོས་ཡོད་འདུག དེ་ཡང་ཁ་སང་ཁེ་ན་ཌའི་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་ (Justin Trudeau) ཡི་བཟའ་ཟླ་ལ་ཏོག་དབྱིབས་ནད་ཕོག་སྟེ་ཁོང་གཉིས་ཟུར་བཀར་བྱས་འདུག་ཀྱང་། བརྟག་དཔྱད་བྱས་པ་བརྒྱུད་ད་ལྟའི་ཆར་སྲིད་བློན་ལ་ཏོག་དབྱིབས་ནད་འགོས་མེད་པ་ཤེས་རྟོགས་བྱུང་ཡོད་འདུག དེ་བཞིན་འདས་པའི་བདུན་གཅིག་རིང་ཨོ་གླིང་གི་ནང་སྲིད་བློན་ཆེན་པི་ཊར་ཌུ་ཊོན་ (Peter Dutton) དང་། འཛམ་གླིང་གི་གློག་བརྙན་འཁྲབ་སྟོན་པ་གྲངས་ཅན་ཊོམ་ཧེང་སི་ (Tom Hanks) དང་། ཁོ་པའི་བཟའ་ཟླ་འཁྲབ་སྟོན་པ་རི་ཏཱ་ཝིལ་སོན་(Rita Wilson) བཅས་ལ་ཏོག་དབྱིབས་འགོས་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། གཞན་ཡང་ཧྥ་རན་སིའི་རིག་གཞུང་བློན་ཆེན་དང་གྲོས་ཚོགས་འཐུས་མི། ཨི་རཱན་གྱི་གྲོས་ཚོགས་འཐུས་མི་ ༢༣ ལ་འགོད་ནད་ཕོག་པའི་ཁྲོད་ནས་ ༢  འདས་གྲོངས་སུ་གྱུར་ཡོད་འདུག གཞན་ཡང་ཏོག་དབྱིབས་ནད་དུག་འགོས་དོགས་ཀྱིས་ཨ་རི་གཙོས་པའི་རྒྱལ་ཁབ་མི་ཉུང་བའི་གནད་ཡོད་མགོ་འཁྲིད་དང་གཞུང་འབྲེལ་མི་སྣས་ལས་ཁུངས་ནས་དགོངས་ཞུ་ཡིས་རང་ཉིད་ཟུར་བཀར་བྱས་ཡོད་སྐོར་གྱི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༢༠/༠༣/༡༣

Leave a Reply