གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གཅིག་རིང་མ་གཏོགས་འཚོགས་རྒྱུ་མིན་པའི་ཐག་གཅོད་གནང་།

ཏོག་དབྱིབས་ནད་ཡམས་སྔོན་འགོག་ཆེད་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩ པ་ཉིན་གཅིག་རིང་མ་གཏོགས་འཚོགས་ཐུབ་ཀྱི་མེད་པ་རེད།སང་ཉིན་ཕྱི་ཟླ་ ༠༣ ཚེས་ ༡༧ ནས་ ༢༧ ཉིན་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་འཚོགས་གཏན་འཁེལ་ཡོད་ཀྱང་། རྒྱ་གར་དབུས་གཞུང་དང་ལྷག་པར་དུ་ཧི་མ་ཅལ་ཀང་ར་རྫོང་སྲིད་གཞུང་ནས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཆེད། མི་བཞིའམ་བཞི་ལས་མང་བ་འདུ་འཛོམས་བྱས་ན་ཁྲིམས་འགལ་ཡིན་པའི་བཀའ་རྒྱ་ཕེབས་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སང་ཉིན་ཕྱི་ཚེས་ ༡༧ ཉིན་གྲོས་ཚོགས་འཚོགས་ཏེ། ཉིན་གཅིག་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོའི་སྔོན་རྩིས་གཏོང་ལེན་གཏན་འབེབ་དང་། གཞུང་འབྲེལ་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་གཉིས་དང་། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་བཅས་གཏན་འབེབ་འགྲུབ་པ་གནང་རྒྱུ་དང་། ལས་རིམ་གཞན་རྣམས་ཕྱི་ཟླ་དགུ་པའི་ཚོགས་དུས་ ༡༠ བར་ཕྱིར་འགྱང་གནང་གཏན་འཁེལ་ཡོད་འདུག

དེའི་སྐོར་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་གྲོས་ཚོགས་ཉིན་གཅིག་མ་གཏོགས་འཚོགས་རྒྱུ་མིན་པ་ཐག་གཅོད་གནང་ཡོད་པ་དང་། ཉིན་གཅིག་དེ་གཙོ་བོ་བཅའ་ཁྲིམས་ནང་དུ་ཟླ་དྲུག་ནང་ཚུད་ལ་གྲོས་ཚོགས་ཚོགས་དུས་རེ་འཚོགས་དགོས་ཀྱི་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༡ ནས་སྔོན་རྩིས་ལ་བཀའ་འཁྲོལ་མེད་པས་ཉིན་གཅིག་རིང་འཚོགས་པ་ཆགས་ཡོད་སྐོར་གསུངས་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ལྔ་ལས་གྲུབ་པའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོའི་སྔོན་རྩིས་འཆར་འབུལ་ལ་བསྐྱར་ཞིབ་གནང་ཡོད་པ་རེད།

བསྐྱར་བཅོས།: ༢༠༢༠/༠༣/༡༦

Leave a Reply