ཨོ་ལིམ་ཕིག་དཔལ་འབར་སྐོར་སྐྱོད་མཛད་སྒོ་སྟབས་བདེ་ཞིག་བྱ་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༢༠ ལོའི་ཨོ་ལིམ་ཕིག་འགྲན་ཚོགས་ཐོག་མའི་འཆར་གཞི་ལྟར་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༤ ནས་ཟླ་ཕྱེད་ལྷག་རིང་འཚོགས་རྒྱུ་ཡིན་སྐོར་གསུངས་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༢༠ ལོའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་དེ། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སྔོན་ཆད་རྡུལ་ཕྲན་མཚོན་ཆས་གཏོར་སྐྱོན་ཚབས་ཆེན་ཐེབས་མྱོང་བའི་ཉི་ཧོང་གི་གྲོང་ཁྱེར་ཧྥུ་ཁུ་ཤི་མཱ་(Fukushima)མགོ་བཙུགས་ཏེ། ཉི་ཧོང་གི་གྲོང་ཁྱེར་དང་གྲོང་ཚོ་ཁག་ ༤༩ ཡི་རྒྱལ་ས་བརྒྱུད་དུས་ཡུན་ཟླ་ ༤ མ་ཟིན་ཙམ་རིང་མི་ཚོགས་འདུ་འཛི་མེད་པར་ཁུ་སིམ་པོའི་ངང་སྤྲོད་སྐོར་སྐྱོད་བྱ་འཆར་ཡོད་པ་དང་། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་(Shinzo Abe)་མཆོག་གིས།  ང་ཚོས་དུས་བཅད་ལྟར་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུ་ཡིན། ཞེས་གསུངས་འདུག་ལ། ཕྱི་ལོ་ ༢༠༢༠ ལོའི་ཨོ་རྩལ་འགྲན་ཚོགས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༤ ནས་ཕྱི་ཟླ་ ༨ ཚེས་ ༩ ཉིན་བར་འཚོགས་འཆར་ཡོད་འདུག

སྤྱིར་བཏང་ཨོ་རྩལ་དཔལ་འབར་ནི་ཚོགས་ཡུལ་རྒྱལ་ཁབ་དེའི་གྲོང་ཁྱེར་ཁག་ཚང་མའི་ནང་མི་ལག་བརྒྱུད་བསྐོར་སྐྱོད་བྱས་ཏེ། རྒྱལ་ཁབ་དེར་དཔའ་འབྱོར་དང་འབྲེལ་ལམ། དེ་བཞིན་ཞི་བདེ་བཅས་ཡོང་གི་ཡོད་པའི་མཚོན་རྟགས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཉི་ཧོང་གི་རྒྱལ་ས་ཊོ་ཁུའོ་ཡི་སྲིད་སྐྱོང་བ་ཡོ་རེ་གོ་ཀོ་གེ་(Yuriko Koike)ལགས་ཀྱིས། ང་ཚོས་ཨོ་རྩལ་དཔལ་འབར་དེ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཞོར་དུ་རྒྱལ་ནང་ལ་འཁུར་གྱི་ཡིན། ཞེས་བརྗོད་འདུག

གྷི་རེ་སིའི་ཨོ་རྩལ་རྩེད་འགྲན་ཚོགས་ཆུང་གིས་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྷི་རེ་སིའི་གནའ་བོའི་གྲོང་རྡལ་ཨོ་ལིམ་ཕི་ཡ(Ancient Olympia)རུ་ཞི་བདེ་དང་རེ་བ་མཚོན་པའི་ཕྱི་ལོ་ ༢༠༢༠ ལོའི་དཔལ་འབར་བསྒྲོན་པའི་མཛད་སྒོ་སྟབས་བདེ་ཞིག་བསྡུས་ཡོད་པ་དང་སྦྲགས། གྷི་རེ་སིའི་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་ཡི་ཡོད་སྟབས། མི་མང་གི་འཕྲོད་བསྟེན་བདེ་འཇགས་སླད་དེ་སྔོན་ཨོ་རྩལ་དཔལ་འབར་དང་འབྲེལ་བའི་ཁྱབ་བསྒྲགས་རིགས་ཚང་མ་རྩིས་མེད་དུ་ཕྱིན་པ་ཡིན། ཞེས་ཨོ་རྩལ་དཔལ་འབར་ཉི་ཧོང་ལ་རྩིས་སྤྲོད་ཀྱི་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་བྱ་འཆར་ཡོད་སྐོར་བསྒྲགས་འདུགད་རེས་ནི་འདུ་འཛི་ཆེ་ཞིང་རྒྱས་སྤྲོས་ཆེ་བའི་དཔལ་འབར་སྐོར་སྐྱོད་ཀྱི་བྱེད་སྒོ་དེ་ཉིད་ཉི་ཧོང་ནང་རྩིས་མེད་ཕྱིན་པ་ཐེངས་གཉིས་པ་དེ་ཡིན་འདུག ཕྱི་ལོ་ ༡༩༣༦ ལོར་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་ཚོགས་ཆུང་གིས། ཕྱི་ལོ་ ༡༩༤༠ ལོའི་ཨོ་རྩལ་རྩེད་འགྲན་ཆེན་མོ་དེ་ཉི་ཧོང་ལ་ལེགས་སྐྱེས་ཀྱི་ཚུལ་ཏུ་སྤྲད་ཡོད་ཀྱང་། ཕྱི་ལོ་ ༡༩༣༧ ནས་ཉི་ཧོང་དང་རྒྱ་ནག་བར་དམག་འཁྲུག་བྱུང་བར་བརྟེན། ཨོ་རྩལ་དཔལ་འབར་ཙམ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ཅིག་གིས་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཉི་ཧོང་ནང་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུ་རྩིས་མེད་བཏང་ཡོད་པ་དང་། ད་ལོཡར་སླར་ཡང་ཉི་ཧོང་ནང་འཚོག་གཏན་འཁེལ་ཡོད་ཀྱང་། རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་རྐྱེན་བྱས་ཏེ། མི་མང་པོ་ཞིག་གིས་ད་ལོ་ཡང་ཉི་ཧོང་ནང་འཚོག་ཐུབ་པར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་ཞིབ་འཇུག་ལྷན་ཚོགས་(Worldometer)གྱི་དཔྱད་ཞིབ་ལྟར་ན། ད་ལྟའི་ཆར་ཉི་ཧོང་ནང་ཏོག་དབྱིབས་འགོས་ནད་ཕོག་པའི་མི་གྲངས་ཁྱོན་ ༨༤༥ བརྒལ་བ་དང་། མི་ ༣༠ ཙམ་འདས་གྲོངས་སུ་ཕྱིན་པ་དང་། མི་ ༡༤༤ ཙམ་དྲག་སྐྱེད་བྱུང་ཡོད་འདུག་ལ། བརྒྱུད་ལམ་གྱི་གནས་ཚུལ་ནང་གསལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་དེ་ཕྱིའི་རྒྱལ་ཁབ་དང་རང་སྐྱོང་ས་ཁུལ། གླིང་ཕྲན་བཅས་ ༡༥༨ ནང་ཁྱབ་བཞིན་ཡོད་པའི་རྐྱེན་གྱིས། འཛམ་གླིང་སྤྱིའི་འབྲེལ་འདྲིས་དང་འགྲུལ་སྐྱོད། ཉིན་རེའི་འཚོ་གནས་སོགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༡༦

Leave a Reply