དགོན་སྡེ་སློབ་གྲྭ་སོགས་ནས་འདུ་འཛོམས་རིཊ་མི་གནང་བའི་ཛ་དྲག་གསལ་བརྡ་གནང་།

དེ་རིང་སང་ཉིན་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ནས་ཕྱི་ཟླ་ ༤ ཚེས་ ༡༥ བར་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སྒོ་བརྒྱབ་རྒྱུ་ཡིན་འདུག

དེ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་ཤིག་གནང་བའི་ནང་། དེང་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་ཆེ་བས་དེ་དག་གི་ཉེན་ཁ་སྔོན་འགོག་ཆེད་རྒྱ་གར་གཞུང་གི་འབྲེལ་ཡོད་ཚན་པ་མང་པོས་གཙོས་ཉེ་ལམ་ཧི་མ་ཅལ་ཀང་ར་རྫོང་སྲིད་གཞུང་ནས་ཁྲིམས་གཞི་ ༡༤༤ བཀའ་རྒྱ་བཏང་ཡོད་པའི་གནས་སྟངས་བཅས་ལ་བརྟེན། འདི་ག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་འདི་བཞིན་གནས་སྐབས་ཕྱི་ལོ་ ༢༠༢༠ ཟླ་ ༣་ ཚེས་ ༡༨ ནས་ཟླ་ ༤ ཚེས་ ༡༥ བར་སྒོ་བརྒྱབ་རྒྱུ་ཡིན་པ་དང་། ག་དུས་སྒོ་ཕྱེ་མིན་སྐབས་བསྟུན་གསལ་བསྒྲགས་ཡོང་རྒྱུ་ཡིན་པ་དང་། དེ་ལྟར་ཚང་མས་ཐུགས་སྣང་ ཡོང་བ་དགོངས་འཇགས་ཞུ། ཞེས་གསུངས་འདུག

གཞན་ཡང་སྐུ་སྒེར་ཡིག་ཚང་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་དང་འབྲེལ་བའི་དཀྲོག་གཏམ་ཞིག་ཁྱབ་བརྡལ་འགྲོ་བཞིན་པའི་ཐད་གསལ་བཤད་ཅིག་གནང་བའི་ནང་།  ༧གོང་ས་མཆོག་ནས་གསོལ་ཇ་མཆོད་དེ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་པའི་བཀའ་སློབ་བསྩལ་ཡོད་ལུགས་ཀྱི་གནས་ཚུལ་དེ་གཞི་མེད་དཀྲོག་གཏམ་ཡིན་པ་དང་། གཞི་མེད་ཀྱི་དཀྲོག་གཏམ་དེ་འདྲ་ཞིག་ཁྱབ་བརྡལ་ཕྱིན་པར་དགོས་པ་རྒྱུ་མཚན་གང་ཡང་མ་མཐོང་བས། ༧གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཞིག་གསུངས་མེད་པ་འབྲེལ་ཡོད་དད་ལྡན་མི་མང་ཚང་མས་མཁྱེན་རོགས། ཞེས་གསུངས་འདུག

ཡང་དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་དབུས་སའི་ལས་ཁུངས་དང་། སློབ་གྲྭ། དེ་བཞིན། དགོན་སྡེ་སོགས་ཀྱིས་འདུ་འཛོམས་རིགས་མི་བྱ་རྒྱུའི་ཛ་དྲག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དགོན་སྡེའི་དགེ་འདུན་པ་རྣམས་འདུ་ཚོགས་རིགས་གནས་སྐབས་ཟླ་བ་གཅིག་གི་རིང་མི་གནང་བ་དང་། དགོན་སྡེ་སོ་སོར་ཕྱི་ལོག་ནས་ཕེབས་མི་རིགས་ལ་བདུན་ཕྲག་གཉིས་ཀྱི་རིང་སྔོན་འགོག་ཟུར་བཀག་གནང་དགོས་པ། དེ་བཞིན་གཏན་ཉིན་སློབ་གྲྭ་ཁག་ཉུང་མཐར་ཟླ་གཅིག་གི་རིང་སྒོ་བརྒྱབ་དགོས། རྒས་གསོ་ཁང་ནང་སྨན་ཞབས་དང་ལས་བྱེད་ཡིན་ན་མ་གཏོགས་དེ་མིན་ཕྱི་ལོག་ནས་མི་སྣ་སུ་གཅིག་ཀྱང་ཕེབས་མི་ཆོག་པའི་བཀག་འགོག་གནང་དགོས། གནས་སྐབས་ཟླ་བ་གཅིག་གི་རིང་ཟབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་རིགས་བསྐོང་ཚོགས་མི་གནང་བ་བྱ་དགོས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་རྣམས་གཞུང་འབྲེལ་ཕྱོགས་སྐྱོད་རིགས་གནས་སྐབས་ཕར་འགྱངས་གནང་དགོས། ཆང་ས་དང་། སྤྲོ་སྐྱིད། གཞན་ཡང་རྩེད་རིགས་འདུ་འཛོམས་སོགས་འདི་ཟླའི་ཚེས་ ༣༡ བར་མི་གནང་བ་གཙོ་འདོན་གནང་དགོས་ཀྱང་། ཛ་དྲག་གིས་མི་འདས་གྲོངས་སུ་ཕྱིན་ཏེ་མཆོད་འབུལ་སོགས་ཀྱི་ཆེད་མ་འཛོམས་ཐབས་མེད་ཡིན་ན་མ་གཏོགས་དེ་མིན་འདུ་འཛོམས་རིགས་མི་གནང་བ་བྱ་དགོས། དོ་བདག་སོ་སོར་ཚ་བའི་ནད་རྟགས་དང་། མིད་པ་སྐམ་ཟུག གློ་ཆམ་རིགས་བྱུང་ཚེ་ལམ་སང་སྨན་ཁང་དུ་བསྟེན་གཏུག་ངེས་ཞུ་དགོས་རྒྱུར་རང་སོ་སོའི་ངོས་ནས་དོ་ཁུར་གྱིས་གནང་ཕྱོགས་དགོས། ཞེས་གསུངས་འདུག

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། བོད་ཁྱིམ་སློབ་གྲྭ་དང་མ་སུ་རི་བོད་ཁྱིམ་ནས་གུང་གསེང་བཏང་བ་གསལ་བསྒྲགས་གནང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༦ ཉིན་ནས་བཟུང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གོང་འོག་གཉིས་ཀྱི་དགེ་སློབ་རྣམས་གུང་གསེང་བཏང་ཡོད་པ་དང་། དེ་བཞིན་ཁ་སང་ཕྱི་དྲོ་ནས་ཕྱི་ཟླ་ ༤ ཚེས་ ༡ བར་ནོར་གླིང་མཐོ་སློབ་ཀྱི་དགེ་སློབ་ཡོངས་གུང་གསེང་བཏང་ཡོད་པ་དང་། སློབ་གྲྭར་སྡོད་མཁན་དགེ་སློབ་རྣམས་ལ་ཏོག་དབྱིབས་སྔོན་འགོག་དང་འབྲེལ་བའི་དགོས་མཁོའི་རིགས་མཁོ་སྤྲོད་དང་སློབ་མ་ཚོ་ཉལ་ཁང་ལས་ཕྱི་ལོགས་སུ་འགྲོ་མི་ཆོག་པ་བཟོས་འདུག ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ནས་ས་རཱ་བོད་ཀྱི་མཐོ་སློབ་ནས་གུང་གསེང་བཏང་ཡོད་པ་དང་། སློབ་གྲྭར་སྡོད་འདོད་ཡོད་པའི་སློབ་མ་ཚོ་སློབ་གྲྭའི་ཕྱི་ལོགས་སུ་འགྲོ་སྐྱོད་མི་ཆོག་པ་བཟོས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༡༧

Leave a Reply