སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་ཕྱེད་ཙམ་ནང་གྲུབ།

རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོའི་ནང་ཁྱོན་བསྡོམས་ཡོང་འཆར་སྒོར་ས་ཡ་ ༢,༦༣༤,༤༨༠,༡༠༧ ་དང་འགྲོ་འཆར་ཁྱོན་སྒོར་ས་ཡ་ ༢,༧༡༤,༧༩༤,༦༠༥ བཀའ་འཁྲོལ་གཏན་འབེབ་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཕེབས་འདུག་ལ། ནད་ཡམས་ཀྱི་རྐྱེན་གྱིས་ཐེངས་འདིའི་ཚོགས་དུས་ཐོག་ཡུ་རོབ་སྤྱི་འཐུས་རྣམ་གཉིས་དང་ཨོ་གླིང་དུ་གནས་བཞུགས་སྤྱི་འཐུས་གཉིས། ཨ་རིར་གནས་བཞུགས་སྤྱི་འཐུས་གཉིས། དེ་བཞིན་བལ་ཡུལ་དུ་གནས་བཞུགས་སྤྱི་འཐུས་གཅིག་དང་དྷ་སར་གནས་བཞུགས་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་ ༨ ཕེབས་ཐུབ་མི་འདུག

སྤྱི་འཐུས་ཚོགས་གཙོ་མཆོག་ནས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། རྩ་བའི་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་བཞིན་གྲོས་ཚོགས་ཚོགས་དུས་ ༩ དེ་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༢༧ ཉིན་བར་ལས་ཉིན་བཅུ་བསྒྲིགས་ཡོད་པ་རེད་དེ། དེང་སྐབས་འཛམ་བུ་གླིང་ཡོངས་ལ་ཆེས་ཛ་དྲག་གི་ཏོག་དབྱིབས་ནད་ཡམས་དེ་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པ་དང་། དེ་ཡང་ང་ཚོ་གནས་སའི་རྒྱལ་ཁབ་ལྟ་བུར་ཆ་མཚོན་ན་ཉིན་རེ་ནས་ཉིན་རེར་ཡར་འཕེལ་འགྲོ་ཡི་ཡོད་པ་རེད། དེ་འདྲས་རྐྱེན་བྱས་ཏེ་བཅའ་ཁྲིམས་དོན་ཚན་ ༤༤ པའི་དགོངས་དོན་བཞིན་སྤྱི་འཐུས་རྒྱུན་ལས་ལ་ཁ་སང་གོ་བསྡུར་ཞུས་ཏེ་ཉིན་གཅིག་མ་གཏོགས་འཚོགས་མི་དགོས་པའི་ཐག་གཅོད་ཞུས་པ་ཡིན། དེ་བས་དེ་རིང་གྲོས་ཚོགས་འདི་ཉིན་གཅིག་ལས་མེད་པ་ཡིན་ཙང་། མྱ་ངན་རྗེས་དྲན་གྱི་གྲོས་གཞི་གྲོས་འཆར་ཡིན་ན་རེད། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གཞི་གྲོས་འཆར་ཡིན་ནའང་རེད། དགོངས་འཆར་གནང་མི་དགོས་པ་ཞིག་དང་། དེ་བཞིན་སྔོན་རྩིས་དེའང་ལས་ཁུངས་གོ་རིམ་བཞིན་དུ་བསྡོམས་འབོར་དེ་སྙན་སྒྲོན་གནང་པའི་རྗེས་ལ་གཏན་འབེབས་ཞུས་ཏེ། མཐའ་མ་དེར་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་གནང་རྒྱུ་མ་གཏོགས་ལས་རིམ་གཞན་པ་གང་ཡང་མེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ ༩ པའི་སྟེང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་གཞི་གྲོས་འཆར་ནང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་སོང་བའི་བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་བོད་མི་གཞོན་སྐྱེས་ཡོན་ཏན་ལགས་དང་། བོད་མི་མང་དགེ་ལུགས་སྤྱི་ཟུར་དགའ་བྱང་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྒྱལ་མཚན་དམ་པ་མཆོག་བསྙུན་གཞིའི་རྐྱེན་གྱིས་སྐུ་ཚེའི་འཕེན་པ་རྫོགས་པ་བཅས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་གཞི་གྲོས་འཆར་གཉིས་དང་། དེ་བཞིན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་ཅན་ཞིག་བཅས་སྤྱི་མོས་གཏན་འབེབས་གནང་སོང་།

གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ནང་དུ།  ༧རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་མུ་མཐུད་ངེས་འབྱོན་དགོས་པའི་གསོལ་འདེབས་དང་བོད་རྒྱ་ཞི་མོལ་མྱུར་ཏུ་མགོ་འཛུགས་དགོས་པ་དང་། ཏོག་དབྱིབས་ནད་དུག་ཐད་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཡིད་གཟབ་དགོས་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༧མགོན་པོ་གང་ཉིད་མཆོག་གི་ཐུགས་རྗེའི་སྐྱབས་འོག་ཏུ་འཚོ་བའི་རང་རེའི་གངས་ཅན་པ་ཡོངས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་འཁྲིའི་ལས་དོན་ཞུ་སྒོ་གང་མཆིས་ལྷག་བསམ་ཟོལ་མེད་ངང་ནས་ཞུ་རྒྱུ་ཡིན་སྐོར་གསུངས་འདུག
དེ་རིང་གི་ཉིན་ཕྱེད་ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠ དང་ ༢༠༢༡ པའི་སྔོན་རྩིས་གསུང་བཤད་གནང་བ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ནས་ལྟ་ཞིབ་སྙན་ཐོ་སྙན་སྒྲོན་ཞུས་པ། སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་སྒྲོགས་སྦྱང་གནང་སྟེ་མང་མོས་གཏན་འབེབ་གནང་སོང་།  རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོའི་ནང་སྔོན་རྩིས་མ་དངུལ་ནས་ཡོང་འཆར་དང་། རྩིས་ལོའི་ནང་ཟུར་བཀོལ་ནས་ཡོང་འཆར་བཅས་ཁྱོན་བསྡོམས་ཡོང་འཆར་སྒོར་ས་ཡ་ ༢,༦༣༤,༤༨༠,༡༠༧ ་དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཁག་ནས་ཡོང་འཆར་བསྡོམས་སྒོར་ས་ཡ་ ༤༩,༡༤༢,༠༢༣ བཀའ་འཁྲོལ་གཏན་འབེབ་གནང་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༠ ནས་ ༢༠༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོའི་ནང་སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར་དང་། རྩིས་ལོའི་ནང་ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་བཅས་བསྡོམས་འགྲོ་འཆར་སྒོར་ས་ཡ་ ༢,༧༡༤,༧༩༤,༦༠༥ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཁག་ལས་འགྲོ་འཆར་ཁྱོན་བསྡོས་ཧིན་སྒོར་ས་ཡ་ ༢༩,༦༩༢,༤༢༤གཏན་འབེབ་གནང་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༤༥ ཙམ་ལ་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཚོགས་དུས་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས། དེ་རིང་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༩ པ་དེ་བཞིན་ཐོག་མར་ལས་རིམ་བསྒྲིགས་པ་བཞིན་མ་བྱུང་བ་དང་། མ་བྱུང་བ་དེ་ཡང་ཏོག་དབྱིབས་ནད་ཡམས་དེའི་རྐྱེན་གྱིས་གནས་སྟངས་དེ་འདྲ་ཞིག་ཆགས་སོང་བ་དང་། ཡིན་ན་ཡང་། དེ་རིང་ཉིན་གཅིག་ལ་ཚོགས་པ་དེའི་ནང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གཉིས། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་གཅིག་བཅས་འཇོག་ཐུབ་པ་དང་། དེ་བཞིན་རྩིས་ལོ་ ༢༠༢༠ དང་༢༠༡༢ ལོའི་གཏོང་ལེན་ཁྲིམས་ཡིག་གཏན་འབེབ་གནང་ཐུབ་ཡོད་པ་དང་། དེ་དག་ཚང་མ་ལེགས་འགྲུབ་ཡོང་བ་དེ་དེ་རིང་གྲོས་ཚོགས་ར་བ་འདིའི་ནང་དུ་ཡོད་མཁན་ཚང་མའི་མཉམ་རུབ་ལ་བརྟེན་ནས་བྱུང་བ་ཡིན་པས་ཚང་མར་ལེགས་གསོལ་བསྔགས་བརྗོད་ཞུ་ཡི་ཡོད། རྩ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཆ་བགོས་བསྐོ་བཞག་བྱེད་རྒྱུ་དེ་དཀའ་ངལ་ཆེ་ཤོས་ཡིན་པ་དང་། ཐེངས་འདིར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་བསྐོ་བཞག་བྱེད་པར་དཀའ་ངལ་ཆེན་པོ་བྱུང་ལ། མཐའ་མ་དེར་འབོད་སྐུལ་ཞུ་བཞིན་ཞུ་བཞིན་ཚོད་དཔག་འཆར་རྩིས་ཚོགས་ཆུང་འཛུགས་ཐུབ་པ་བྱུང་ལ། ལས་དོན་ཡང་གང་ལེགས་གནང་འདུག དེ་བཞིན་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཞིབ་འཇུག་ལས་དོན་ཡག་པོ་གནང་བར་བརྟེན་ནས་གཏན་འབེབ་གནང་ཐུབ་པ་བྱུང་བ་རེད། འདི་ལོར་འཛིན་སྐྱོང་བཀའ་ཤག་གིས་ལོ་འཁོར་མོ་ཡུག་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དཀའ་དྲིན་རྗེས་དྲན་གྱི་ལོ་ལ་སྲུང་གཙི་ཞུ་བཞིན་ཡོད་པས། བཀའ་དྲིན་རྗེས་ཀྱི་ལོ་འདིའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་རྒྱལ་བའི་བཀའ་དགོངས་བསྒྲུབ་རྒྱུ་དང་མཐུན་ལམ་གོང་བུ་གཅིག་ཏུ་སྒྲིལ་ནས་རྩ་དོན་ཁོ་ནའི་ཆེད་དུ་དུས་ཚོད་བཏང་བ་ལས། བོད་མི་ནང་ཁུལ་ལ་དཀྲོག་རྐྱེན་བཟོ་བ་སོགས་ང་ཚོ་སུ་ལ་ཡང་མི་དགོས་པ་ཡིན་སྟབས། མི་དགོས་པ་དེ་རྒྱང་དུ་བཞག་ནས་དུས་ཚོད་གང་ཡོད་སྤྱི་བའི་རྩ་དོན་ཐད་གཏོང་ཐབས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད་ལ། དེང་སྐབས་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་བསྡད་ཡོད་སྟབས། དེ་ལྟ་བུའི་ནད་ཡམས་མགྱོགས་ནས་མྱུར་ཏུ་འཇིག་རྟེན་འདི་ནས་ཡལ་འགྲོ་བ་ཞིག་དང་མ་འོངས་པར་མི་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་ཏེ་གྲོས་ཚོགས་ཚོགས་དུས་དགུ་པ་གྲོལ་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

 

བསྐྱར་བཅོས།: ༢༠༢༠/༠༣/༡༨

Leave a Reply