མི་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་ཚོད་ལྟ་ཐེངས་དང་པོ་བྱས།

ཨ་རིའི་འགོས་ནད་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་ཐོག་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་དངོས་སུ་མི་ལ་ཚོད་ལྟ་བྱེད་པའི་མགོ་བཙུགས།དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གི་རྒྱལ་ཡོངས་ནད་ཡམས་ཞིབ་འཇུག་ཁང་(National Institute of Allergy and Infectious Diseases) དང་། ཨ་རིར་ཡོད་པའི་མོ་ཌེན་ནཱ་སྐྱེ་ཁམས་འཕྲུལ་རིག་བཟོ་ཚོང་ཁང་(Moderna Biotechnonly Company) གཉིས་མཉམ་འབྲེལ་གྱིས། ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་(mRNA-1273)ཟེར་བ་ཞིག་གསར་བཟོ་བྱས་ཏེ། ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཀེ་སར་པར་མ་ནེན་ཏི་ཞིབ་འཇུག་ཁང་(Kaiser Permanente) དུ་མི་བཞི་ལ་དངོས་སུ་ཚོད་ལྟ་བྱས་ཡོད་པ་དང་། རིམ་པ་དང་པོའི་ཚོད་ལྟ་དེ་གཙོ་བོ་སྨན་ཁབ་དེ་བདེ་འཇགས་ཡོད་མེད་ཐོག་རྟོག་ཞིབ་བྱེད་ཀྱི་ཡོད་ཀྱང་། སྨན་ཁབ་དེ་བརྒྱབ་རྗེས་ལོ་གཅིག་རིང་རྟོག་ཞིབ་བྱེད་དགོས་ཀྱི་ཡོད་པས། སྔོན་འགོག་སྨན་ཁབ་དེ་སྤྱི་ཡོངས་བཀོལ་སྤྱོད་བྱེད་པར་ད་དུང་ལོ་གཅིག་ལས་མང་བ་འགོར་རྒྱུ་ཡིན་ལུགས་བརྗོད་ཀྱི་འདུག

གནད་དོན་དེའི་ཐད། ཨ་རིའི་གཞུང་གི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ནད་གཞི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་ཨེན་ཐོ་ནི་ཧྥོ་སི་(Anthony S. Fausi) ཡིས། ཏོག་དབྱིབས་ནད་ཡམས་ཆེད་བདེ་འཇགས་དང་ཕན་ནུས་ལྡན་པའི་སྔོན་འགོག་སྨན་ཁབ་འཚོལ་ཞིབ་བྱ་རྒྱུ་ནི་སྤྱི་དམངས་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་རེད། ད་ལན་སྨན་ཁབ་ཀྱི་རྟོག་ཞིབ་རིམ་པ་དང་པོ་ཧ་ཅང་མགྱོགས་པོ་གྲུབ་ཡོད་ལ། དེ་ནི་ང་ཚོའི་དམིགས་ཡུལ་འགྲུབ་རྒྱུའི་གོམ་པ་དང་པོ་དེ་ཡིན། ཞེས་བརྗོད་འདུག་ལ། ད་ཐེངས་ཚན་རིག་པས་སྔོན་འགོག་སྨན་ཁབ་མགྱོགས་པོར་བཟོ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། ཚན་རིག་པ་རྣམས་ལ་དེ་སྔའི་སཱར་སི་(SARS)དང་མཱར་སི་(MERS)གློ་ཚད་རིམས་ནད་ལ་བརྟག་དཔྱད་ཡུན་རིང་བྱས་པའི་ཉམས་མྱོང་ལྡན་པས་ཡིན་སྐོར་བཀོད་འདུག

སྔོན་འགོག་སྨན་ཁབ་དེ་རང་ལོ་ ༡༨ ནས་ ༥༥ བར་གྱི་མི་བདེ་ཐང་ཅན་ ༤༥ ལ་ཚོད་ལྟ་བྱེད་ཀྱི་ཡོད་འདུག་ལ། སྨན་ཁབ་མ་འདྲ་བ་ ༣ མི་གྲངས་ ༡༥ རེར་བརྒྱབ་སྟེ་སྔོན་འགོག་སྨན་ཁབ་ཚོད་ལྟ་བྱ་ཡུལ་གྱི་ལུས་ཕུང་ནང་སྨན་ཁབ་དེས་གནོད་ཀྱི་ཡོད་མེད་བརྟག་བཞིན་ཡོད་པ་དང་། སྨན་ཁབ་དེའི་མིའི་ལུས་ཕུང་གི་ནད་འགོག་མ་ལག་གིས་ཏོག་དབྱིབས་ནད་དུག་འཕེལ་བར་གདོང་ལེན་བྱེད་ནུས་ཤུགས་ཆེ་རུ་འགྲོ་མིན་དང་། ནད་འབུ་དེ་སྔོན་འགོག་བྱེད་ཐུབ་མིན་གྱི་ཐད་ལ་བརྟག་དཔྱད་བྱ་རྒྱུ་ཡིན་འདུག ཁ་སང་ཕྱི་ཚེས་ ༡༦ ཉིན་མི་གྲངས་ ༤ ལ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་དང་དེ་རིང་སླར་ཡང་མི་གྲངས་ ༤ ལ་སྔོན་འགོག་ཁབ་དེ་བརྒྱབ་ཡོད་འདུག་ལ། གཞན་རྣམས་ལ་རིམ་པས་ཚོད་ལྟ་བྱ་རྒྱུ་ཡིན་འདུགཁ་སང་ཕྱི་ཚེས་ ༡༦ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ནི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཆེ་ཤོས་ཀྱི་ལྟེ་བ་ཆགས་ཀྱི་ཡོད་པའི་ངོས་འཛིན་བྱས་ཡོད་སྟབས། དེ་རིང་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ ༢༧ ནས་ས་མཚམས་བཀག་སྡོམ་གྱིས། ཡུ་རོབ་མི་མང་རྣམས་སོ་སོའི་རྒྱལ་ཁབ་ལས་ཡུ་རོབ་རྒྱལ་ཁབ་གཞན་ནང་འགྲུལ་བཞུད་བྱ་རྒྱུ་མཚམས་འཇོག་དགོས་པའི་བཀའ་ཁྱབ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་། དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་ཌིར་ལི་ཡོན་(Ursula von der Leyen)ལགས་ཀྱིས། འགྲིམ་འགྲུལ་ཅི་ཙམ་ཉུང་ན་དེ་ཙམ་གྱིས་ང་ཚོས་ཏོག་དབྱིབས་ནད་དུག་འགོས་ཁྱབ་བཀག་འགོག་བྱེད་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག

ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཁྲོད། འཛམ་གླིང་ཁྱོན་ཡོངས་ནང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༧༤༧༡ དང་ནད་པ་ ༡༨༦༧༢༤ ཡོད་པ་དང་། ད་ལྟ་རྒྱ་གར་ནང་ནད་པ་གྲངས་ ༡༣༧ དང་རྐྱེན་འདས་སུ་ཕྱིན་པའི་མི་ ༣ འདུག དེ་བཞིན། རྒྱ་ནག་ནང་ནད་པ་ ༨༠༨༨༡ དང་། མི་ ༣༢༢༦ རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། འཛམ་གླིང་གི་ནད་པའི་གྲངས་འབོར་མང་ཤོས་གཉིས་པ་སྟེ་ཨི་ཊ་ལིའི་ནང་ནད་པ་ ༢༧༩༨༠ དང་། ཨི་རཱན་ནང་ནད་པ་ ༡༦༡༦༩། སི་པན་ནང་ནད་པ་ ༡༡༡༧༨། དེ་བཞིན་ལྷོ་ཀོ་རི་ཡའི་ནང་ནད་པ་ ༨༣༢༠ ཟིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༡༧

Leave a Reply