ལྷོ་གཞིས་ཁག་གི་རོགས་དངུལ་བེད་སྤྱོད་གཏོང་ཕྱོགས་སོཊ་ལ་གྲོས་བསྡུར་བྱས།

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་གཞུང་གིས་བོད་མིའི་ལྷོ་གཞིས་ཁག་ལྔ་ལ་རོགས་དངུལ་ཧིན་སྒོར་ས་ཡ་ ༣༠ གནང་བ་དེ་བེད་སྤྱོད་གཏོང་ཕྱོགས་སྐོར་ལ་ཚོགས་འདུ་བསྡུས་ཏེ་གྲོས་བསྡུར་གནང་འདུགསྦེང་ལོར་ལྷོ་སྤྱི་གཙོས་པའི་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་དང་རྩིས་པ་རྣམས་བཅས་ལྷན་འཛོམས་ཐོག ཁ་སང་ཕྱི་ཚེས་ ༡༦ ཉིན་ལུགས་ཟུང་བསམ་གྲུབ་གླིང་མི་མང་མཉམ་འབྲེལ་ཚོགས་ཁང་ནང་དང་། དེ་རིང་ཕྱི་ཚེས་ ༡༧ ཉིན་བདེ་སྐྱིད་སླར་གསོ་གཞིས་ཆགས་ལས་ཁུངས་་སུ་ཚོགས་འདུ་ཚོགས་ཏེ། ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་ཕྱི་ལོ་༢༠༡༩ ནས་༢༠༢༠ ལ་བོད་མིའི་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་ལ་རོགས་དངུལ་ཧིན་སྒོར་ས་ཡ་༣༠ གནང་ཡོད་པ་དེ་བེད་སྤྱོད་གཏོང་ཕྱོགས་དང་། ཏོག་དབྱིབས་ནད་ཡམས་སྔོན་འགོག་བྱེད་ཐབས་སྐོར་ལ་གྲོས་བསྡུར་གནང་ཡོད་འདུག

ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་འདི་གའི་གསར་འགོད་པར། རོགས་དངུལ་དེ་དག་ལྷོ་སྤྱི་ལས་ཁུངས་དང་གཞིས་ཆགས་ཁག་ལྔ་བཅས་སྡེ་ཚན་དྲུག་ཏུ་ཆ་བགོས་ཀྱིས་གཞིས་ཆགས་ནང་ཤེས་ཡོན་དང་འཕྲོད་བསྟེན་སྤྱི་ཚོགས་ཡར་རྒྱས་སོ་ནམ་ཞིང་ལས། ཡུལ་སྐོར་སྤྲོ་འཆམ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ལས་གཞི་དོན་ཚན་ཁག་༡༤ ཐོག་གཏོང་རྒྱུའི་ཐད་གྲོས་བསྡུར་གནང་ཡོད་སྐོར་དང་།  ཧིན་སྒོར་ས་ཡ་༣༠ དེ་ཀར་ན་ཊ་ཀ་མངའ་སྡེ་གཞུང་གིས་ལོ་ལྟར་གནང་བཞིན་པའི་གཏན་འབེབ་ཞིག་ཡིན་ཞིང་། ད་དུང་ ༢༠༢༠ ལོའི་ནང་མངའ་སྡེ་གཞུང་གི་རོགས་དངུལ་ཐོག་གཞིས་ཆགས་སོ་སོར་ཕྱི་རྒྱལ་རོགས་ཚོགས་དེ་འདྲ་ནས་ཀྱང་རོགས་དངུལ་ཐོབ་ཀྱི་ཡོད་སྟབས། རོགས་དངུལ་ཉིས་ལྡབ་ཆགས་ཡོད་དུས་དེ་དག་ཁ་བསྒྱུར་ཐོག་ནས་བེད་སྤྱོད་བྱེད་ཕྱོགས་ཐད་གཞིས་ཆགས་སོ་སོའི་ནང་མེད་དུ་མི་རུང་བའི་ལས་འཆར་ཡོད་ཚེ། ཕྱི་ཟླ་བཞི་པའི་ཚེས་༢༠ བར་ལས་འཆར་འབུལ་དགོས་པའི་དུས་ཚོད་སྤྲད་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་༢༠༢༠ ནས་༢༠༢༡ ལོར་རོགས་དངུལ་ས་ཡ་ ༣༠ གནང་སྐྱོང་ཡོང་བའི་སྙན་ཞུ་མངའ་སྡེ་གཞུང་ལ་ཕུལ་ཟིན་ཡོད་པའི་སྐོར་ལ་ཁོང་གིས།  ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་ནང་ཐེངས་དང་པོར་རྩིས་འགོ་གསར་པ་ཞིག་སྒོ་ཕྱེ་ཐུབ་པ་བྱུང་ཡོད་སྟབས་དེར་སྐྱོན་གནད་དང་བར་ཆད་མི་ཡོང་བར་གྲ་སྒྲིག་གནང་གི་ཡོད་སྐོར་བརྗོད་བྱུང་།

གཞན་ཡང་། ཐེངས་འདིའི་ཚོགས་འདུའི་ཐོག་དེང་སྐབས་འཛམ་གླིང་ཁྱོན་ལ་ཛ་དྲག་ཆེ་བའི་ཏོག་དབྱིབས་ནད་ཡམས་ཐད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། དེ་བཞིན་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་དང་། མངའ་སྡེ་གཞུང་གི་ལམ་སྟོན་བཅས་གཞི་རྩར་བཟུང་ནས་བོད་མིའི་གཞིས་ཆགས་ཁག་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་སྤེལ་ཕྱོགས་དང་། ལྷག་པར་དུ་ས་གནས་གཞིས་མགོ་རྣམས་མང་ཚོགས་ནང་སྐྱོད་དེ་དེའི་ཐད་གོ་རྟོགས་སྤེལ་རྒྱུར་ཤུགས་སྣོན་རྒྱག་ཕྱོགས་སྐོར་དང་། འཛིན་སྐྱོང་ཀར་ན་ཊ་ཀ་མངའ་སྡེ་གཞུང་དང་ལས་དོན་མཇུག་སྐྱོང་བྱེད་དགོས་པ་སོགས་གནད་དོན་གཞན་ཁག་ཅིག་གི་ཐོག་ལ་ཡང་གྲོས་བསྡུར་གནང་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༣/༡༧

Leave a Reply