ཡང་ལོ་རྒྱུས་ཡུན་རིང་ལྡན་པའི་བྲག་བརྐོས་ལྡེབས་རིས་རྙེད་ཡོད་ཟེར།

སེར་ཤུལ་རྫོང་བཙན་མདའ་ཡུལ་ཚོ་འབའ་མདའ་དགོན་པའི་འགྲམ་གྱི་རི་ངོས་ཀྱི་བྲག་ཕུག་ཅིག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་དང་གནའ་བོའི་བོད་ཡིག་གི་ཕྱག་བྲིས་སོགས་གནའ་རྫས་མང་པོ་ཞིག་གསར་རྙེད་བྱུང་ཡོད་སྐོར་བསྒྲགས།ཁ་སང་ཕྱི་ཚེས་ ༡༧ ཉིན། རྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་འབྲེལ་སེར་ཤུལ་རྫོང་དྲིལ་བསྒྲགས་རྟོག་ཞིབ་ཚོགས་པ་ཟེར་བ་ཞིག་གིས། སེར་ཤུལ་རྫོང་བཙན་མདའ་ཡུལ་ཤོག་འབའ་མདའ་དགོན་པའི་འགྲམ་གྱི་རི་ངོས་ཀྱི་བྲག་ཕུག་ནང་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་དང་། གནའ་བོའི་བོད་ཡིག་གི་ཕྱག་བྲིས་སོགས་གནའ་རྫས་མང་པོ་ཞིག་གསར་རྙེད་བྱུང་ཡོད་སྐོར་དང་། རྒྱ་ནག་གི་ཆེད་མཁས་རྟོག་ཞིབ་པ་ཚོས་གནའ་ཤུལ་དེ་དག་རྒྱ་ནག་གི་མིང་རྒྱལ་རབས་དུས་སྐབས་དང་མཉམ་པའི་བོད་ཀྱི་གནའ་རྫས་རིགས་ཤིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གནད་དོན་དེའི་ཐད་ཕྱི་ལོ་ ༢༠༡༧ ལོར་འབའ་མདའ་དགོན་པར་རྟོག་ཞིབ་དངོས་རྫས་ལ་རྟོག་ཞིབ་གནང་མཁན་རྒྱ་མི་ལུའོ་ཝུན་ཧྭས་ཟེར་བ་ཞིག་གིས། དེ་སྔོན་འབའ་མདའ་དགོན་པར་རྟོག་ཞིབ་གནང་སྐབས་དགོན་པའི་ལྡེབས་རིས་དང་འཇིམ་སྐུ་སོགས་ཀྱི་བཟོ་བཀོད་ཐེངས་འདིའི་གནའ་ཤུལ་དག་དང་འདྲ་བོ་ཡོད་པས། ལྡེབས་རིས་དང་བོད་ཡིག་ཕྱག་བྲིས་སོགས་ལ་དུས་ཡུན་རིང་བོའི་ལོ་རྒྱུས་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་སེར་ཤུལ་རྫོང་དྲིལ་བསྒྲགས་འགན་འཛིན་ཐུབ་བསྟན་ཟེར་བ་ཞིག་གིས། གསར་དུ་རྙེད་པའི་བྲག་བརྐོས་རི་མོའི་རྗེས་ཤུལ་དེ་དག་ལ་སྲུང་སྐྱོང་ཡག་པོ་བྱེད་བཞིན་པ་མ་ཟད། ཆེད་མཁས་པ་གདན་ཞུ་བྱས་ཏེ་མུ་མཐུད་རྩད་ཞིབ་ཡག་པོ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུགརྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བོད་ཁུལ་ཡོངས་སུ་ལོ་རྒྱུས་ཡུན་རིང་ལྡན་ཡོད་ལུགས་ཀྱི་རིག་དངོས་མང་པོ་ཞིག་ཕྱིར་བསྒྲགས་བྱེད་བཞིན་ཡོད་སྟབས། དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཟོ་བྱེད་ཐབས་ཀྱི་གཡོ་བྱུས་ཤིག་ཡིན་པའི་དོགས་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་བཟུང་བོད་ཡུལ་ས་ཆ་གང་སར་ས་དཔྱད་རིག་པ་བ་མང་པོ་ཆེད་གཏོང་བྱས་ཏེ། གཏེར་ཁ་དང་གནའ་རྫས་རིགས་སྔོག་འདོན་གྱི་ལས་གཞི་ཤུགས་ཆེན་སྤེལ་དང་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་ཧྲན་ཞི་ཞིང་ཆེན་བོད་སྐྱོར་གནའ་རྫས་རྟོག་ཞིབ་སྡེ་ཚན་ཟེར་བ་ཞིག་བོད་ཁུལ་དུ་ཆེད་མངགས་བྱས་ཏེ་གནའ་རྫས་རྟོག་ཞིབ་བྱེད་དུ་འཇུག་གི་ཡོད་པ་དང་། བོད་སྐྱོར་གྱི་མིང་བཏགས་པའི་གནའ་རྫས་རྟོག་ཞིབ་ཚན་པ་དེས་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་གནའ་རྫས་རིགས་འདྲ་མིན་འཚོལ་སྡུད་བྱས་ཏེ། རྒྱ་ནག་གཞུང་གི་བདག་བཟུང་བྱས་པའི་གནའ་རྫས་མཛོད་ཁང་ཁག་ཏུ་དབོར་འདྲེན་བྱེད་ཀྱི་ཡོད་འདུགརྒྱལ་སྤྱིའི་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཧོལ་རྒྱུག་ལྟ་བུའི་སྒོ་ནས་འདས་པའི་ལོ་མང་ནས་བོད་ཀྱི་ས་མཚམས་ཁུལ་གཙོ་བོར་གྱུར་བའི་བོད་ཁུལ་ཡོངས་རྫོགས་ནང་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཟེར་བའི་ལས་གཞི་མང་པོ་སྤེལ་བཞིན་ཡོད་པ་དེ་ཆབ་སྲིད་ཀྱི་ཁེ་དབང་སྲུང་ཆེད་ཡིན་སྐོར་དང་། དཔེར་ན་རྒྱ་གར་གྱི་ཉེ་ཁུལ་གྲོ་མོ་དང་མངའ་རི་སོགས་ནས་རྙེད་པའི་གནའ་རྫས་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་མ་ཟད། གནའ་རྫས་དེ་དག་གི་ཐོག་ནས་རྒྱ་ནག་གི་རྒྱལ་རབས་མང་པོར་འབྲེལ་འདྲིས་ཡོད་པ་བདེན་དཔང་བྱས་ཡོད་ལུགས་བརྗོད་ཀྱི་ཡོད་པ་དེ། མངའ་ཁོངས་བདག་དབང་རྒྱ་སྐྱེད་དང་ས་མཚམས་ཀྱི་བདག་དབང་རྩོད་ཐབས་མེད་པའི་ཉེན་བརྡ་གཏོང་གི་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༡༨

Leave a Reply