རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པའི་ལག་ཁྱེར་གཞུང་བཞེས་གཏོང་གི་འདུག

ཨ་རིའི་གསར་ཁང་གྲགས་ཅན་ནེའུ་ཡོག་དུས་བབ་དང་ཝོལ་སི་ཊེ་ཊི་ཇོར་ནལ། ཝ་ཤིན་ཌོན་ཆ་འཕྲིན་བཅས་ཀྱི་གསར་འགོད་པས་ཉིན་བཅུའི་ནང་ཚུན་དུ་གསར་འགོད་པའི་ལག་ཁྱེར་རྩིས་སྤྲོད་དགོས་པའི་བཀའ་བཏང་སྟེ་ཨ་རིར་ཡ་ལན་སློག་གི་ཡོད་སྐོར་བསྒྲགས་འདུག དེ་རིང་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་དྲ་ངོས་སུ་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་ནང་ཡོད་པའི་ཨ་རིའི་གསར་ཁང་ཆེ་ཁག་གསུམ་གྱི་གསར་འགོད་པ་ཚོས་ཉིན་གྲངས་ ༡༠ ནང་ཚུན་དུ་གསར་འགོད་པའི་ལག་ཁྱེར་རྩིས་སྤྲོད་དགོས་པའི་བཀའ་ཁྱབ་བཏང་ཡོད་སྟབས། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo)ལགས་ནས་རྒྱ་ནག་གིས་འཛམ་གླིང་གི་རང་དབང་ལྡན་པའི་གསར་འགོད་ལས་རིགས་གཉེར་རྒྱུའི་ནུས་པར་ཚད་བཀག་བཟོ་རྒྱུའི་ཐག་གཅོད་བྱས་པ་དེར་བློ་ཕམ་བྱུང་ཞེས་བརྗོད་འདུག་ལ། ད་ལྟའི་ཆར་གསར་འགོད་པ་ག་ཚོད་ཅིག་གི་ལག་ཁྱེར་ཡར་བསྡུ་ཡི་ཡོད་མེད་ཁ་གསལ་མི་འདུག

རྒྱ་ནག་གཞུང་གི་བཀའ་ཁྱབ་དེའི་ནང་། ཨ་རིའི་གསར་ཁང་ནེའུ་ཡོག་དུས་བབ་ (New York Times) དང་ཝོལ་སི་ཊེ་ཊི་ཇོར་ནལ་(The Wall Street Journal)། ཝ་ཤིན་ཌོན་ཆ་འཕྲིན་ (Washington Post) བཅས་ཀྱི་གསར་འགོད་པ་ཚོའི་ཐོངས་མཆན་འདི་ལོའི་ལོ་མཇུག་ཏུ་རྫོགས་ཀྱི་ཡོད་པས། ཉིན་གྲངས་ ༡༠ ནང་ཚུན་དུ་གསར་འགོད་པའི་ལག་ཁྱེར་ཕྱིར་རྩིས་སྤྲོད་བྱེད་དགོས་པ་དང་། མ་འོངས་པར་དམིགས་བསལ་འཛིན་སྐྱོང་ས་ཁུལ་ཧོང་ཀོང་དང་མེ་ཁའོ་ཚུད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་མུ་མཐུད་གསར་འགྱུར་གྱི་ལས་ཀ་གཉེར་མི་ཆོག ཅེས་དང་། རྒྱ་ནག་གི་གསར་འགོད་པ་ཚོར་ཨ་རིས་ལྟ་ཕྱོགས་མི་ལེགས་པ་དང་ཨ་རིའི་ནང་སྐྱོད་པའི་ཐོངས་མཆན་ལ་དམ་དྲག་བྱེད་པ། དེ་བཞིན་རྒྱ་ནག་གི་གསར་འགོད་པའི་གནས་ཚུལ་ལ་དབྱེ་འབྱེད་བྱེད་བཞིན་པའི་མཐོང་སྣང་འོག རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པར་གཅིག་མཚུངས་ཀྱི་ཡ་ལན་སྤྲོད་རྒྱུ་ཡིན་སྐོར་བཀོད་འདུག

ཐག་གཅོད་དེ་དང་འབྲེལ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo)ལགས་ཀྱིས།  དེ་རིང་རྒྱ་ནག་གིས་འཛམ་གླིང་གི་རང་དབང་ལྡན་པའི་གསར་འགོད་ལས་རིགས་གཉེར་རྒྱུའི་ནུས་པར་ཚད་བཀག་བཟོ་རྒྱུའི་ཐག་གཅོད་བྱས་པ་དེར་བློ་ཕམ་བྱུང་། དོན་དངོས་ཐོག་ད་ལྟ་གོ་ལའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་གནས་ཚུལ་མང་བ་དང་སྔར་བས་ཕྱི་གསལ་ནང་གསལ་གྱིས་མིའི་ཚེ་སྲོག་སྐྱོབ་ཐུབ་པས། ཐད་ཀར་བཤད་ན་རང་དབང་ལྡན་པའི་གསར་འགྱུར་གྱིས་རྒྱ་ནག་མི་མང་ལ་ཕན་ཐོགས་ཆེན་པོ་བྱེད་ཐུབ། ཅེས་དང་རྒྱ་ནག་གཞུང་གིས་ཐག་གཅོད་དེའི་ཐད་བསྐྱར་དུ་བསམ་བློ་གཏང་དགོས་སྐོར་བརྗོད་འདུག

དེ་བཞིན་ནེའུ་ཡོག་དུས་བབ་ཀྱི་རྩོམ་སྒྲིག་པ་གཞོན་པ་བྷིན་བྷ་ཁོ་(Dean Baquet) ལགས་ཀྱིས། རྒྱ་ནག་རྒྱབ་ཕྱོགས་སུ་བསྐྱོད་པ་དང་འཛམ་གླིང་གི་གསར་ཁང་རྩེ་ཕུད་འགའ་དང་མཉམ་དུ་འབྲེལ་ཐག་གཅོད་པའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་དེ་ནི་བློ་ཕམ་དགོས་པ་ཞིག་རེད། ཅེས་རྒྱ་ནག་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་བྱས་འདུག་ལ། ཝོལ་སི་ཊེ་ཊི་ཇོར་ནལ་ (The Wall Street Journal) གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་མཱར་ཊི་བྷེ་རོན་ (Marty Baron) གྱིས། རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པ་ཚོ་ཕྱིར་འཕུད་གཏོང་བའི་བྱ་སྤྱོད་གང་འདྲ་ཞིག་ཡིན་ནའང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཐག་གཅོད་དེ་ནི་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ལ་རྒྱལ་སྤྱིའི་ཐོག་གདོང་ལེན་བྱེད་པར་གནས་ཚུལ་ཁ་གསལ་དང་ཁུངས་ལྡན་དགོས་པའི་སྐབས་སུ་བྱུང་ཡོད་པས་ཐག་གཅོད་དེ་ལ་དམིགས་བསལ་གྱི་བློ་ཕམ་ཆེན་པོ་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༣ ཉིན་ཨ་རིའི་ (The Wall Street Journal) གསར་ཁང་གི་དྲ་ཐོག་ཏུ། རྒྱ་ནག་ནི་ཨེ་ཤ་ཡའི་ནད་པ་ངོ་མ་དེ་ཡིན་ཞེས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དེ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་ནའང་། རྒྱ་ནག་གཞུང་གིས་ནད་ཡམས་དེ་དང་འབྲེལ་བའི་གནས་ཚུལ་སྦ་གསང་བྱེད་ཀྱི་ཡོད་སྐོར་གྱི་བསམ་ཚུལ་རྩོམ་ཡིག་ཅིག་བཀོད་པར་བརྟེན། རྒྱ་ནག་གཞུང་གིས་རྩོམ་ཡིག་དེ་ནི་མི་རིགས་དབྱེ་འབྱེད་ཅན་ཞིག་ཡིན་པ་དང་རྒྱ་ནག་མི་མང་གི་སེམས་ཁམས་ལ་ཕོག་ཐུག་བཟོ་ཡི་ཡོད་པ། དེ་བཞིན་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་འགོག་པར་འབད་བརྩོན་བྱེད་པ་ལ་སྐུར་འདེབས་བྱེད་བཞིན་ཡོད་པས། གསར་ཁང་དེས་དགོངས་སེལ་ཞུ་དགོས་སྐོར་བརྗོད་ཡོད་ཀྱང་། གསར་ཁང་དེས་དགོངས་སེལ་མ་ཞུས་སྟབས། ཟླ་དེའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་མི་སེར་གཉིས་ཚུད་པའི་གསར་ཁང་དེའི་གསར་འགོད་པ་གསུམ་ཕྱིར་འཕུད་བཏང་ཡོད་པ་རེད།

ཟླ་འདིའི་ཟླ་མགོ་ཙམ་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཨ་རིའི་ནང་གི་རྒྱ་ནག་ཤིན་ཧྭ་གསར་ཁང་ཚུད་པའི་གཞུང་འབྲེལ་གསར་ཁང་ཁག་ལྔ་ཡི་ལས་བྱེད་གྲངས་ ༡༦༠ ཡོད་པ་དེ་ ༡༠༠ ལ་ཉུང་དུ་གཏོང་དགོས་པའི་བཀའ་ཁྱབ་བཏང་ཡོད་ལ། གནས་ཚུལ་དབྱེ་ཞིབ་པ་ཚོས་དེ་ནི་རྒྱ་ནག་གིས་གསར་འགོད་པ་གསུམ་ཕྱིར་འཕུད་བཏང་བའི་གནས་ཚུལ་དེ་ལ་ཡ་ལན་སྤྲད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཉེ་བའི་ཆར་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཏོག་དབྱིབས་ནད་ཡམས་ལ་རྒྱ་ནག་གི་ནད་ཡམས་ཞེས་གསུངས་ཡོད་པས། རྒྱ་ནག་གཞུང་ལ་ཁོང་ཁྲོ་བསླངས་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་མི་སྣས་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་ངོས་འཛིན་བྱུང་བའི་ནད་ཡམས་དེའི་འབྱུང་ཁུངས་ཨ་རི་ཡིན་པ་སོགས་ཀྱི་གནས་ཚུལ་ཡང་བསྒྲགས་ཡོད་པ་རེད།ཡང་རྒྱ་ནག་གཞུང་གི་བཀའ་ཁྱབ་དེའི་ནང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཐག་གཅོད་དེ་ནི་ཨ་རི་གཞུང་གིས་རྒྱ་ནག་གི་གསར་ཁང་ཁག་ལ་རྒྱུ་མཚན་གང་ཡང་མེད་པའི་ཐོག་གྲང་དམག་སྐབས་ཀྱི་ལྟ་ཚུལ་བཟུང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ཨ་རི་གཞུང་གིས་རྒྱ་ནག་གི་གསར་ཁང་ཁག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་སྙན་གྲགས་དང་མཐོང་སྣང་ལ་དོ་ཕོག་བཟོས་ཡོད་པ་མ་ཟད། ཨ་རིའི་ནང་རྒྱ་ནག་གི་གསར་ཁང་ཁག་གིས་རྒྱུན་ལྡན་གྱི་ལས་དོན་བྱེད་ཕྱོགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད་པ་དང་ཕྱོགས་གཉིས་ཀྱི་གནས་ཚུལ་བརྗེ་རེས་བྱེད་བཞིན་པར་འགོག་རྐྱེན་ཚབས་ཆེན་བཟོས་ཡོད་པས། ཨ་རི་གཞུང་ནས་འཕྲལ་དུ་བྱེད་ཐབས་དེའི་རིགས་བསྒྱུར་དགོས་པ་དང་། ཆབ་སྲིད་ཀྱི་དྲག་གནོན་དང་རྒྱ་ནག་གི་གསར་ཁང་ཁག་ལ་གནས་ལུགས་མེད་པའི་དམ་དྲག་བྱེད་མཚམས་འཇོག་དགོས་པ། དེ་བཞིན་ཨ་རི་གཞུང་གིས་བྱེད་ཐབས་དེ་མུ་མཐུད་ཚེ་རྒྱ་ནག་གཞུང་གིས་ཡ་ལན་སྤྲོད་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་བཏང་འདུག

བྷི་བྷི་སི་གསར་ཁང་གི་རྒྱ་ནག་གནས་ཚུལ་དབྱེ་ཞིབ་པ་ཀྲོ་ཡེན་ཧྥོང་་ (Zhaoyin Feng) གིས། ཐེངས་འདིའི་རྒྱ་ནག་གཞུང་གི་ཐག་གཅོད་དེ་ཡིས་ཨ་རིའི་གསར་འགོད་པ་བཅུ་གྲངས་ཤིག་ལ་ཐད་ཀར་ཤུགས་རྐྱེན་སྤྲད་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། རྒྱ་ནག་གཞུང་གིས་བཀོད་ཁྱབ་བཏང་བའི་ཨ་རིའི་གསར་ཁང་དེ་དག་གིས་ཨ་རིའི་མི་སེར་བསྐོ་ཐུབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་ཀྱི་འདུག དེ་བཞིན་འཛམ་གླིང་ཁྱོན་ཡོངས་དང་ལྷག་པར་རྒྱ་ནག་ནང་ཚད་མཐོ་བའི་གསར་འགོད་ལས་རིགས་དགོས་པའི་གནས་སྐབས་སུ། རྒྱ་ནག་གཞུང་གིས་འཛམ་གླིང་གི་གསར་ཁང་གྲགས་ཅན་གསུམ་གྱི་གསར་འགོད་པར་བཀག་འགོག་བྱེད་བཞིན་པ་དེ་ནི་རྒྱ་ནག་གི་གྱོང་གུད་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཏེ་རྒྱལ་སྤྱིའི་དྲ་ལམ་བཀག་སྡོམ་ཕར་རྒོལ་ཉིན་མོ་དང་བསྟུན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འདི་ལོའི་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ། རྒྱ་ནག་དེ་འཛམ་གླིང་ནང་གི་གསར་འགོད་རང་དབང་བཀག་སྡོམ་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་ ༢༠ ཁྲོད་ཀྱི་གཅིག་ཏུ་ངོས་འཛིན་བྱས་ཡོད་འདུག་པ་དང་། ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་གསར་འགོད་པ་དང་ཟིན་བྲིས་བ་སོགས་མི་གྲངས་ ༡༢༠ ལྷག་བཙོན་འཇུག་བྱས་ཡོད་སྐོར་བཀོད་ཡོད་པ་རེད། དེ་བཞིན་འདས་ལོའི་ཕྱི་ཟླ་ ༤ ནང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་འཛམ་གླིང་གི་རྒྱལ་ཁབ་ ༡༨༠ ཡི་གསར་འགོད་རང་དབང་ཐད་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་ནང་གི་གསར་འགོད་རང་དབང་ནི་སི་རི་ཡ་ལས་ཀྱང་སྡུག་ཏུ་ཕྱིན་ཏེ་སྡུག་ཤོས་ཨང་བཞི་པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལས་ཀྱང་གསར་འགོད་རང་དབང་སྡུག་ཏུ་ཕྱིན་པ་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༡༩

Leave a Reply