ཏོག་དབྱིབས་ནད་ཡམས་ཁྱབ་རྐྱེན་རྒྱ་ནག་གཞུང་ཁྲིམས་གཏུག་བྱས་འདུག

རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་བཞིན་པ་དང་བསྟུན་ཨ་རི་དང་རྒྱ་གར་སོགས་ཀྱི་ནང་རྒྱ་ནག་གཞུང་དང་རྒྱ་ནག་གི་མགོ་འཁྲིད་ཚོ་ཁྲིམས་གཏུག་བྱེད་བཞིན་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཁ་སང་ཕྱི་ཚེས་ ༡༧ ཉིན། ཨ་རིའི་ཧྥི་ལོ་རེ་དྷ་མངའ་སྡེའི་བྷོ་ཁཱ་རཱ་ཊོན་(Boca Raton)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བྷིར་མན་ཁྲིམས་ལུགས་ཚོགས་པ་(Berman Law Group)ཡིས། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཛ་དྲག་གི་འགོས་ནད་ཅིག་ཡིན་པ་གསང་རྒྱ་བྱས་ཏེ། ད་ལྟ་འཛམ་གླིང་ནང་ནད་ཡམས་འགོས་ཁྱབ་ཀྱིས་འཛམ་གླིང་མི་མང་ལ་དཀའ་ངལ་ཚབས་ཆེན་བཟོས་པའི་ནག་ཉེས་འོག ཡུལ་དེའི་མེ་ཡ་མེ་གྲོང་ཁྱེར་ཁྲིམས་ཁང་དུ་རྒྱ་ནག་གཞུང་ཁྲིམས་ལ་གཏུགས་ཏེ་འཛམ་གླིང་ལ་གུན་གསབ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

གནད་དོན་དེའི་ཐད་ཨ་རིའི་ཁྲིམས་རྩོད་པ་མཱ་ཐི་མོ་རེ་(Matthew Moore)ལགས་ཀྱིས། རྒྱ་ནག་གཞུང་གི་ལས་བྱེད་ཚོས། ཏོག་དབྱིབས་ནད་ཡམས་མི་ནས་མི་བརྒྱུད་འགོས་ཁྱབ་བྱུང་གི་ཡོད་པ་དང་། ནད་ཡམས་དེ་འགོས་པའི་མི་རྣམས་ཉིན་འགའི་རྗེས་ནས་འདས་གྲོངས་སུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་བཞིན་དུ། རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཝུ་ཧན་དང་འཛམ་གླིང་མི་མང་ལ་ནད་ཡམས་ཀྱི་ཚབས་ཆེན་རང་བཞིན་སྐོར་གསང་བ་བྱས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་ཝུ་ཧན་ནང་མི་མང་ ༤༠༠༠༠ ལྷག་ལ་དགོང་ཚིགས་གསོལ་སྟོན་བཤམས་ཏེ་ཡོད་ཚད་བདེ་ལེགས་ཡིན་ཁུལ་གྱི་རྣམ་པ་བསྟན་ཡོད། ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ནག་ཉེས་ཐེར་འདོན་བྱས་འདུག

ཐེངས་འདིའི་གྱོད་དོན་ཞུ་གཏུག་ཁྲོད། ཨ་རིའི་བྷིར་མན་ཁྲིམས་ལུགས་ཚོགས་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུ་ཧན་གྲོང་ཁྱེར་གཉིས་གྱོད་ཡར་མིང་འདོན་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བཀག་འགོག་བྱེད་མ་ཐུབ་པར་འཛམ་གླིང་ནང་གནོད་སྐྱོན་བཟོས་པའི་གྱོང་གུད་ཚབ་ཏུ་ཨ་སྒོར་ཐེར་འབུམ་མང་པོ་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

ཡང་བྷིར་མན་ཁྲིམས་ལུགས་ཚོགས་པ་མཉམ་འཛུགས་བྱེད་མཁན་རོ་སལ་བྷིར་མན་(Russell Berman)ལགས་ཀྱིས། འཛམ་གླིང་གི་སྟོབས་ཤུགས་ཅན་གྱི་རྒྱ་ནག་གཞུང་ཁྲིམས་གཏུག་བྱེད་རྒྱུ་ནི་དམིགས་ཡུལ་ལྡན་པའི་ལས་འགུལ་ཞིག་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་བཀག་འགོག་མེད་པའི་ནད་ཡམས་ཤིག་འཛམ་གླིང་ནང་བཏང་སྟེ། དེའི་གནོད་སྐྱོན་ཉིན་རེ་བཞིན་ཨ་རི་དང་ཧྥི་ལོ་རེ་དྷིའི་ནང་འཕེལ་གྱི་ཡོད་པ་རེད། ཅེས་བརྗོད་འདུགད་ལྟའི་ཆར་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཞིན་པའི་སྐབས་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་ཤར་ཕྱོགས་བྷི་ཧར་མངའ་སྡེའི་མུ་ཛ་ཧྥར་པུར་(Muzaffarpur)གྲོང་ཁྱེར་དུ་གནས་སྡོད་ཁྲིམས་རྩོད་པ་སུ་དྷིར་ཀུ་མཱར་ཨོ་ཇ་(Sudhir Kumar Ojha)ཟེར་བ་ཞིག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་སིན་ཝེ་ཏུང་(Sun Weidong)གཉིས་ཀྱིས་ཏོག་དབྱིབས་ནད་ཡམས་བརྒྱུད་འགྲོ་བ་མི་རྩ་མེད་གཏོང་རྒྱུའི་ངན་བྱུས་བཤམས་ཡོད་པའི་ཉེས་མིང་འོག ཡུལ་དེའི་རྫོང་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་པ་བཞིན། རྫོང་ཁྲིམས་ཁང་དེས་གྱོད་གཞི་དེ་ས་གནས་ཀྱི་དམའ་རིམ་ཁྲིམས་ཁང་ལ་བཏང་སྟེ་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཉན་ཞིབ་བྱ་རྒྱུ་ཡིན་འདུགརྒྱ་ནག་ཁྲིམས་གཏུག་དགོས་པའི་གནས་ཚུལ་དེ་ཐོག་མར་ཟླ་འདིའི་ཕྱི་ཚེས་ ༩ ཉིན་དབྱིན་ཡུལ་གྱི་ཉི་མ་ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་གེལ་ཝིན་(Kelvin MacKenzie)ལགས་ཀྱིས། དབྱིན་ཡུལ་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པའི་སྐབས་དང་བསྟུན། འཛམ་གླིང་མི་མང་གིས་རྒྱ་ནག་གཞུང་ཁྲིམས་གཏུག་དགོས་པའི་བསམ་ཚུལ་ཞིག་བཏོན་ཡོད་པ་དང་། ཁོའི་བསམ་ཚུལ་ནང་། གལ་སྲིད་ཁྱེད་ཀྱི་ནང་མི་གཉེན་ཉེ་ཞིག་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཚེ། ཁྱེད་ཀྱིས་ངེས་པར་དུ་རྒྱ་ནག་གཞུང་ལ་འགན་ལེན་བྱེད་དུ་འཇུག་དགོས་ཡོད། ཅེས་བརྗོད་ཡོད་པ་དང་། རྩོམ་སྒྲིག་པ་དེའི་བསམ་ཚུལ་ལ་འཛམ་གླིང་ཡུལ་ལུང་མང་པོས་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་གཞུང་གིས་ཛ་དྲག་གནོད་ཚབས་ཆེ་བའི་འགོས་ནད་དེའི་མཇུག་འབྲས་ལ་འགན་ལེན་དགོས་པའི་བསམ་ཚུལ་བཏོན་དང་འདོན་གྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༡༨

Leave a Reply

3 thoughts on “ཏོག་དབྱིབས་ནད་ཡམས་ཁྱབ་རྐྱེན་རྒྱ་ནག་གཞུང་ཁྲིམས་གཏུག་བྱས་འདུག

  1. ཐོས་པ་དགའ།

    འདི་བྱ་བ་རླབས་ཆེན་ཞིག་གི་འགོ་བརྩམས་པ་རེད། དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་མི་རྣམས་ནི་ཁྲིམས་ཀྱི་དབང་བསྒྱུར་ལས་། གང་ཟག་གི་དབང་བསྒྱུར་ལ་མི་དགའ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། ཁྲིམས་མེད་ལུགས་མེད་བྱེད་མཁན་ཚོ་འཛམ་གླིང་རང་བཞིན་གྱིས་གནོན་ཤུགས་སྤྲད་དེ་ཐར་ས་མེད་པ་བཟོ་དགོས་པ་རེད། འགྲོ་བ་མིའི་ཆེ་མཐོང་དང་། མིའི་བདེ་སྡུག་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་ཕྱིན་བྱ་འགུར་འདི་ལ་ངེས་པར་དུ་རྒྱབ་བསྐྱོར་བྱེད་དགོས་པ་ནི། འཛམ་གླིང་མི་མང་ཚང་མ་ལ་ཁུར་དུ་བབས་པའི་ལས་འགན་གཡོལ་ཐབས་མེད་པ་ཞིག་རེད།

  2. རྒྱ་ནག་དམར་ཕྱོགས་ངེས་པ་དུ་ཁྲིམས་ལ་སྦྱར་དགོས་འཛམ་གླིང་ལ་དཀའ་ངལ་སྤྲད་མཁན་དང་པོ་དེ་རྒྱ་ནག་རེད།