བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ཡུན་རིང་ནད་ཀྱིས་མནར་ཏེ་སྐུ་གྲོངས་འདུག

ལི་ཐང་རྫོང་ཨོ་ཐོག་དགོན་གྱི་དགེ་བསྐོས་ཟུར་པ་བཀྲ་ཤིས་ཕུན་ཚོགས་ལགས་ལ་རྒྱ་ནག་གཞུང་གིས་ལོ་གཅིག་ལྷག་རིང་བཙོན་ཁང་དུ་ཉེས་རྡུང་མནར་གཅོད་ཚད་མེད་བཏང་རྐྱེན་ཡུན་རིང་ནད་ཀྱིས་མནར་ཏེ་སྐུ་གྲོངས་འདུག

འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་ཁ་པར་བརྒྱུད། ཆབ་སྲིད་བཙོན་ཟུར་དམ་པ་བཀྲ་ཤིས་ཕུན་ཚོགས་ལགས་དང་ཕ་ཡུལ་གཅིག་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་སུ་སྐད་ཆ་དྲིས་པ་ལྟར་ན།    ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་ ༤ ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མ་ཉེས་ཁག་གཡོགས་ཀྱིས་འབར་རྫས་གས་གཏོར་དང་འབྲེལ་ནས་འཛིན་བཟུང་བྱེད་སྐབས། དོན་རྐྱེན་དེ་དང་འབྲེལ་བ་ཡོད་པར་བརྗོད་དེ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་ནད་ཀྱིས་ཡུན་རིང་མནར་རྗེས། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཕ་ཡུལ་ལི་ཐང་དུ་སྐུ་གྲོངས་ཡོད་པ་དང་།ད་ལྟ་ཁོང་དགུང་ལོ་ ༦༠ ཙམ་ཡིན་འདུག

གསར་འགོད་པས་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་སུ་བཀྲ་ཤིས་ཕུན་ཚོགས་ལགས་གྲོངས་རྐྱེན་གཙོ་བོ་གང་ཡིན་དྲིས་པར་སྐབས་ཁོང་གིས། ཕྱི་ལོ་ ༢༠༠༢ ལོར་སྤྲུ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་ཏེ་བདུན་གཅིག་གི་རྗེས་སུ། རྒྱ་གཞུང་ཉེན་རྟོག་པས་བཀྲ་ཤིས་ཕུན་ཚོགས་ལགས་འཛིན་བཟུང་བྱས་ཡོད་པ་དང་།  སྐབས་དེར་ཁོང་ཨོ་ཐོག་དགོན་པའི་ལས་ཐོག་དགེ་བསྐོས་ཡིན་ལ། འཛིན་བཟུང་བྱས་ཏེ་ལོ་ ༡ ཙམ་རིང་བཙོན་འཇུག་གིས་ཚད་ལས་བརྒལ་བའི་ཉེས་རྡུང་མནར་གཅོད་བཏང་སྟེ། མཐར་རྒྱ་ནག་གཞུང་གིས་ཁོང་ལ་ན་ཚ་ཞིག་ཕོག་ཡོད་པས་ལེན་དུ་ཤོག་ཅེས་ནང་མིར་རྩིས་སྤྲད་ཡོད་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། བཀྲ་ཤིས་ཕུན་ཚོགས་ལགས་དང་པོ་འཛིན་བཟུང་བྱེད་སྐབས་ལོ་གཞོན་པ་དང་གཟུགས་གཞིའི་གནས་སྟངས་ཧ་ཅང་ཡག་པོ་ཡོད་ཀྱང་།  ཁོང་ལེན་དུ་འགྲོ་དུས་ཨེ་ཙིའི་ནད་པ་ནང་བཞིན་རུས་པ་དང་སྐྱི་མོ་ལས་ལྷག་མེད་པ་དང་། ཁོང་གི་སྤུན་མཆེད་ཀྱིས་མཆན་འོག་ཏུ་བྱིས་པ་ཞིག་བཅུག་ཡོད་པ་ནང་བཞིན་གྱིས་འཁྱེར་ཡོང་ཡོད་པ་རེད། དེར་བརྟེན། ཁོང་གྲོངས་རྐྱེན་དེ་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་འོག་འཛིན་བཟུང་བྱས་ཏེ། བཙོན་ཁང་དུ་ཉེས་རྡུང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ན་ཚ་མང་པོ་བྱུང་བ་ལ་བརྟེན་ནས་གྲོངས་པ་རེད། ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་བཀྲ་ཤིས་ཕུན་ཚོགས་ལགས་འཛིན་བཟུང་བྱས་རྗེས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས་ཁོང་ལ་ལོ་ངོ་བདུན་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་མཐར་ལོ་གཅིག་ཙམ་ལས་བཙོན་ཁང་དུ་འདུག་མ་ཐུབ་པར་ནད་གཅོང་དུ་གྱུར་ཏེ་སྨན་ཁང་ནས་ཤི་གྲབས་བྱེད་སྐབས་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་འདུག

བཀྲ་ཤིས་ཕུན་ཚོགས་ལགས་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་མཆོག་གིས་ཕྱག་བཏབས་པའི་ཨོ་ཐོག་དགོན་པའམ་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་དགོན་པའི་དགེ་བསྐོས་ཡིན་པ་དང་། གསར་འགོད་པས་རྡོ་རྗེ་ཚེ་རིང་ལགས་སུ་བཀྲ་ཤིས་ཕུན་ཚོགས་ལགས་སུ་དེ་སྔོན་ཉེས་མེད་ཉེས་རིགས་བྱས་ཏེ་འཛིན་བཟུང་བྱས་མྱོང་ཡོད་མེད་དྲིས་སྐབས། ཕྱི་ལོ་༡༩༩༣ ལོར་ཉག་ཆུ་རྫོང་ནགས་ལས་ཁང་གིས། གཞུང་གི་ཐོབ་དབང་ཟེར་བའི་ཤིང་ནགས་འབྲེག་གཅོད་ཀྱི་ལས་འགུལ་ཞིག་ཨོ་ཐོག་སྡེ་དྲུག་གི་ས་གནས་སུ་སྤེལ་སྐབས། བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྣེ་འཁྲིད་པའི་ཡུལ་མི་རྣམས་ཀྱིས་རྒྱ་གཞུང་གི་ཤིང་ནགས་འབྲེལ་གཅོད་ཀྱི་ལས་འགུལ་དེ་བཀག་འགོག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྟབས། དེ་དུས་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱེད་རྩིས་ཡོད་ཀྱང་ལག་བསྟར་ཐུབ་མེད་པ་དང་། ཕྱིས་སུ་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་འབྲེལ་ཡོད་ཀྱི་མི་མང་པོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་ལྟར། བཀྲ་ཤིས་ཕུན་ཚོགས་ལགས་ཀྱང་འགད་རྫས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་པོར་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་དང་། ལས་ཀ་མང་པོར་བཙན་བཀོལ་བྱས་པ། འཚོ་བ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་རྐྱེན་གྱིས་བཙོན་པ་མང་པོ་བཙོན་ཁང་ནས་ནད་ཀྱིས་མནར་བ་དང་། བཅོས་ཐབས་མེད་པར་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྐབས་གཞི་ནས་ཁྱིམ་མི་གཉེན་འབྲེལ་ལ་རྩིས་སྤྲད་པའི་གནད་དོན་བསྟུན་མར་བྱུང་ཡོད་པ་རེད།ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༩ ཉིན་རང་ལོ་ ༢༣ ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྒོ་ཤུལ་བློ་བཟང་ལགས་ཀྱང་རང་ཁྱིམ་དུ་སྐུ་གྲོངས་ཡོད་པ་དང་། ཁོང་ས་བྱི་ཞི་རྒོལ་ཆེན་མོའི་ནང་ཞུགས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༦ ཉིན་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་ཁོང་ལ་ལོ་ ༡༢ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལན་ཀྲུའུ་བཙོན་ཁང་དུ་བཅུག་ཡོད་ཀྱང་། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་བརྟེན་ནད་ཀྱིས་མནར་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེ་ ༢༧་ཉིན་ཁོང་གི་ནང་མིར་རྩིས་སྤྲད་ཡོད་པ་དང་། ཁྱིམ་མི་ཚོས་ཡུན་རིང་སྨན་པར་བསྟེན་གཏུག་བྱས་ཡོད་ཀྱང་ཕན་འབྲས་མ་ཐོན་པར་སྐུ་གྲོངས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༡༩

Leave a Reply