བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་བྷེ་ཊི་ཝི་ལིམ་སི་མཆོག་སྐུ་གྲོངས་བར་ཐུགས་གསོ་མཛད།

བོད་དོན་རྒྱབ་སྐྱོར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་སྐུ་བྷེ་ཊི་ཝི་ལེམ་སི་(Betty Williams) མཆོག་འདས་གྲོངས་སུ་གྱུར་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་མཆོག་ནས་ཐུགས་གསོ་གནང་འདུགཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བྱང་ཨ་རིར་ལེན་ཌི་(Northern Ireland)རྒྱལ་ཁབ་ཀྱི་ཕྱི་ལོ་ ༡༩༦༠ ནས་ ༡༩༩༨ བར་གྱི་ཡུལ་དེའི་རྩོད་རྙོག་(Northern Ireland Conflict) འདུམ་འགྲིག་ལ་དམིགས་པའི་ཞི་བདེའི་མི་མང་ཞེས་པའི་ཚོགས་པ་ཆེད་འཛུགས་གནང་མཁན་དང་། ཞི་བདེ་གོང་འཕེལ་ཆེད་འཐབ་རྩོད་ཤུགས་ཆེན་གནང་བའི་ངོས་འཛིན་འོག ཕྱི་ལོ་ ༡༩༧༦ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་སྐུ་བྷེ་ཊི་ཝི་ལེམ་སི་(Betty Williams) མཆོག་འདས་གྲོངས་སུ་གྱུར་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག

༧གོང་ས་མཆོག་ནས་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ཁོང་མོ་འདས་གྲོངས་སུ་གྱུར་བ་དེས། འཚེ་བའི་ལམ་ནས་རྩོད་རྙོག་འདུམ་འགྲིག་བྱེད་རྒྱུར་འགོག་རྒོལ་གནང་མཁན་གྱི་ང་ཚོའི་གྲོགས་པོ་ཉེ་པོ་ཞིག་མེད་པར་གྱུར་བ་རེད། འདས་པའི་ལོ་དུས་རིང་ངེད་གཉིས་ཀྱིས་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གཞན་དང་ལྷན་དུ་གྲོས་མོལ་དང་འབྲེལ་ལམ་གྱིས་མཚོན་པའི་ཞི་བདེའི་ལམ་ནས་རྩོད་རྙོག་སེལ་རྒྱུའི་ཐད་ལ་འབད་བརྩོན་ཞུས་ཡིན། དཀའ་ངལ་ཚབས་ཆེ་ཆུང་ལ་མ་ལྟོས་པར། ལྕམ་སྐུ་བྷེ་ཊི་ལགས་ནི་ཞི་བའི་ཐབས་ལམ་འཚོལ་རྒྱུར་ཆོད་སེམས་བརྟན་ཞིང་ཁ་རེ་ཁ་གཏུག་ཅིག་རེད། ངེད་གཉིས་ཐེངས་མང་ཐུག་འཕྲད་བྱུང་བ་དྲན་གསོས་ཀྱི་འདུག་ལ། ངོས་རང་གིས་ཁོང་མོའི་ཞི་བདེ་ལྡན་པའི་མི་མང་དང་རྒྱལ་ཁབ་བསྐྲུན་རྒྱུའི་ཆོད་སེམས་དེར་སྙིང་ཐག་པ་ནས་ཡི་རང་ཞུ་ཡི་ཡོད། ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཐུགས་གསོའི་ནང་།  ལྕམ་སྐུ་བྷེ་ཊི་ཝིལ་ཡེམ་སི་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ང་རང་བློ་ཕམ་ཧ་ཅང་བྱུང་། དམ་པ་ཁོང་ནི་འཛམ་གླིང་ནང་ཞི་བདེའི་ལས་འགུལ་བ་གྲགས་ཅན་ཞིག་ཡིན་ཞིང་། བྱང་ཕྱོགས་ཨ་རིར་ལེན་ཌིའི་ནང་ཞི་བདེའི་ལས་འགུལ་སྤེལ་མཁན་གཙོ་གྲས་ཤིག་ཀྱང་ཡིན།  ཕྱི་ལོ་ ༡༩༧༦ ལོར་ཞི་བདེའི་མི་མང་ཞེས་པའི་ཚོགས་པ་བཙུགས་ནས་བྱང་ཕྱོགས་ཨ་རིར་ལེན་ཌིར་ཞི་བདེ་གོང་འཕེལ་སླད་འབད་བརྩོན་ཧ་ཅང་གནང་འབྲས་སུ་དམ་པ་ཁོང་ལ། ཕྱི་ལོ་ ༡༩༧༦ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་འདུག ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམ་པ་ཁོང་ཐུགས་འདྲིས་ཧ་ཅང་ཆེ་ཞིང་། བོད་མི་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན།  ཞེས་གསུངས་འདུག

ལྕམ་སྐུ་བྷེ་ཊི་མཆོག་ནི་ཕྱི་ལོ་ ༡༩༤༣ ཟླ་ ༥ ཚེས་ ༢༢ ཉིན་བྱང་ཨ་རིར་ལེན་ཌིའི་རྒྱལ་ས་བྷེལ་ཧྥེ་སི་(Belfast) རུ་འཁྲུངས་ཤིང་། ཁུལ་དེའི་ཡེ་ཤུའི་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭ་ཐོན་རྗེས་ལས་ཁུངས་ཀྱི་སྣེ་ལེན་པའི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༠ ལོར་ཐོག་མར་འཚེ་བའི་བྱ་སྤྱོད་ལ་ངོ་རྒོལ་གྱི་མང་ཚོགས་རང་བཞིན་གྱི་ལས་འགུལ་ནང་ཞུགས་ཏེ་ཞི་བདེ་འཐབ་རྩོད་ཀྱི་ལམ་བུར་ཕྱོགས། དེ་ཡང་ཕྱི་ལོ་ ༡༩༦༠ ལོ་མཇུག་ཙམ་ལ་བྱང་ཨ་ཨིར་ལེན་ཌི་རྒྱལ་ཁབ་ནང་། རྣམ་དག་ཡེ་ཤུ་ཆོས་ལུགས་ (Catholic)རྗེས་འབྲང་བ་ཕལ་ཆེ་བས་བྱང་ཨ་རིར་ལེན་ཌི་དེ་ཉིད་དབྱིན་ཡུལ་མཉམ་འབྲེལ་རྒྱལ་ཁབ་ (United Kingdom) ནས་མར་བཏོོན་སྟེ། ཨ་རིར་ལེན་ཌི་མཉམ་འབྲེལ་ཞིག་འཛུགས་འདོད་བྱས་ཡོད་ཀྱང་། ཡེ་ཤུ་ཆོས་ལུགས་གསར་མའི་(Protestant)རྗེས་འབྲང་བ་རྣམས་ཀྱིས་བྱང་ཨ་རིར་ལེན་ཌི་དེ་ཉིད་མུ་མཐུད་དབྱིན་ཡུལ་མཉམ་འབྲེལ་ནང་གནས་རྒྱུའི་དགོས་འདུན་བཏོན་པའི་རྐྱེན་གྱིས། རྒྱལ་ཡོངས་ནང་མི་རིགས་རྒྱལ་ཞེན་རིང་ལུགས་ཀྱི་རྩོད་རྙོག་ཤུགས་ཆེར་བྱུང་བ་མ་ཟད། དེའི་རྐྱེན་པས་བྱང་ཨ་རིར་ལེན་ཌི་ཙམ་དུ་མ་ཟད་ཨ་རིར་སྤྱི་མཐུན་རྒྱལ་ཁབ་དང་དབྱིན་ཡུལ། ཡུ་རོབ་དབུས་མ་བཅས་སུ་འཚེ་བའི་བྱ་སྤྱོད་ཁྱབ་སྟེ་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་དེར་ཡོངས་གྲགས་སུ་བྱང་ཨ་རིར་ལེན་ཌིའི་རྩོད་རྙོག་ཀྱང་བརྗོད། གཉན་འཕྲང་ཅན་གྱི་དུས་སྐབས་དེར་ལྕམ་སྐུ་བྷེ་ཊི་མཆོག་གིས་ཞི་བདེ་དགོས་པའི་རེ་འདུན་འོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཏེ། དེར་མི་ ༦༠༠༠ ལྷག་གིས་མཚན་རྟགས་བསྐྱོན་པའི་རྐྱེན་གྱིས་ཁོང་མོར་གསར་འགྱུར་བརྒྱུད་ལམ་ཁྲོད་དོ་སྣང་ཤུགས་ཆེབ་བསླེབས་ཡོད་པ་མ་ཟད། དེའི་རྗེས་ཁོང་མོས་ཐོག་མར་བུད་མེད་ཀྱི་ཞི་བདེའི་ཚོགས་པ་ (Women for Peace) ཞིག་བཙུགས་པ་དང་། ཕྱིས་སུ་ཁོང་མོས་ཚོགས་པ་དེ་ཉིད་ཡུལ་དེའི་ཞི་བདེ་འཐབ་རྩོད་པ་སྐུ་ཞབས་ཁེ་རན་ཁེ་རན་མེག་ཁུ་ཝོན་(Ciaran McKeown) དང་མཉམ་འབྲེལ་གྱིས་ཞི་བདེའི་མི་མང་ཞེས་པར་བསྒྱུར་ཏེ། མང་ཚོགས་རང་བཞིན་ཀྱི་ངོ་རྒོལ་རྔམ་སྟོན་ལས་འགུལ་ཤུགས་ཆེན་སྤེལ་ཏེ་ཞི་བདེ་གོང་འཕེལ་གྱི་ཕྱོགས་ལ་འབད་བརྩོན་ཆེན་པོ་གནང་བར་བརྟེན། ཕྱི་ལོ་ ༡༠༩༧༦ ལོར་ཁོང་མོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཕྱི་ལོ་ ༡༩༧༦ ལོར་ནོར་ཝེའི་སྤྱི་དམངས་ཞི་བདེའི་གཟེངས་རྟགས། དེ་བཞིན་སུད་སིའི་སྙིང་སྟོབས་གཟེངས་རྟགས་སོགས་འཛམ་གླིང་གི་གཟེངས་རྟགས་ཆེ་གྲས་མང་པོ་ཕུལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༢༠

Leave a Reply