ཏོག་དབྱིབས་ནད་ཡམས་སྔོན་འགོག་ཁྲོད་བོད་མི་ཞིག་འདས་གྲོངས་སུ་ཕྱིན།

ཁ་སང་ཕྱི་ཚེས་ ༡༨ ཉིན་བོད་རྟའུ་ཡི་ཏོག་དབྱིབས་ནད་པ་ ༡༧ དུས་གཅིག་ལ་དྲག་སྐྱེད་བྱུང་སྟེ་ནད་པ་ཚང་མ་སངས་དྲག་ཆགས་ཡོད་སྐོར་བསྒྲགས།

དེ་རིང་སྔ་དྲོར་རྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་དེ་རིང་ནས་བཟུང་བོད་དཀར་མཛེས་རྟའུ་རྫོང་གི་ཏོག་དབྱིབས་འགོས་ནད་ཅན་གྱི་ནད་པ་ཚང་མ་དྲག་སྐྱེད་བྱུང་ཡོད་པ་དང་། ཁྱོན་དཀར་མཛེས་ཁུལ་དུ་ནད་པ་ ༧༨ ཡོད་པ་ལས་རྟའུ་རུ་ནད་པ་ ༧༣ ཡོད་པ་དང་། ཕྱི་ཚེས་ ༡༨ ཉིན་འགོས་ནད་བྱུང་ཡོད་པའི་ནད་པ་ ༡༧ དུས་གཅིག་ལ་དྲག་སྐྱེད་བྱུང་སྟེ། བསྐྱར་དུ་བརྟག་དཔྱད་ཀྱིས་ནད་གཞི་ཁྱོན་ཡོངས་ནས་སངས་དྲག་ཕྱིན་པའི་ཆོག་མཆན་འོག་རང་ཁྱིམ་དུ་བཏང་ཡོད་པ་དང་། ཁ་སང་ནས་རྟའུ་རྫོང་སྲིད་གཞུང་ནས ་དཔལ་སྨད་གྲོང་རྡལ་ནས་ཁང་སར་ཡུལ་ཤོག་བར་གྱི་འགྲིམ་འགྲུལ་བཀག་སྡོམ་མི་དགོས་པའི་བརྡ་ཁྱབ་བཏང་འདུག

གཞུང་འབྲེལ་གནས་ཚུལ་ནང་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༡ ཚེས་ ༢༧ ནས་བཟུང་རྟའུ་རྫོང་ལ་ཏོག་དབྱིབས་འགོས་ནད་ཁྱབ་མགོ་ཚུགས་པ་ནས། དཀར་མཛེས་ཁུལ་གྱིས་ཛ་དྲག་ཆེན་པོས་སྨན་བཅོས་ལས་འགན་དང་དུ་བླངས་ནས་སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་ལས་དོན་ཧུར་ཐག་གིས་བསྒྲུབས་ཡོད་པ་དང་། འགོས་ནད་སྨན་བཅོས་ཁྲོད་སྨན་པ་དང་སྨན་ཞབས་པ་གཅིག་ལ་ཡང་འགོས་ནད་བྱུང་མེད་པ་མ་ཟད། ནད་པ་ཚེ་ལས་འདས་ཚད་གཅིག་ཀྱང་མེད་པ་སོགས་ཀྱིས་ཏོག་དབྱིབས་འགོས་ནད་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་སྐོར་དང་། ད་ལྟའི་ཆར་བོད་ཁུལ་ཡོངས་སུ་ཏོག་དབྱིབས་ནད་པ་གསར་པ་གཅིག་ཀྱང་མེད་སྐོར་བརྗོད་འདུག

གཞན་ཡང་། རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན། རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་བོད་མི་ཨ་འཛིན་ལྷུན་གྲུབ་ཞེས་པའི་བོད་རིགས་ན་གཞོན་ཉེན་རྟོག་པ་ཞིག་ལ་རྒྱ་ནག་གཞུང་གིས་ཁྱུང་མཆུ་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་གྱི་རིམས་འགོག་ས་ཚིགས་སུ་ཉིན་མཚན་མང་པོར་ལས་ཀ་བྱེད་དུ་བཅུག་པའི་རྐྱེན་གྱིས། ལུས་པོ་ངལ་དུབ་དང་ཐང་ཆད་དྲགས་ཏེ་འདས་གྲོངས་སུ་སོང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ནི་གསར་བརྗེ་དང་ཏང་ལ་བློ་དཀར་ཞིང་དམར་དམག་རྒྱང་སྐྱོད་སྐབས་ཀྱི་དཔའ་བོ་ཚོའི་ཤུལ་འཛིན་པ་ཞིག་ཡིན་སྐོར་སོགས་ཀྱི་དྲིལ་བསྒྲགས་བྱས་འདུག

རྔ་བ་ཁུལ་རྒྱང་སྒྲོག་ཁང་གིས་སྤེལ་བའི་དེ་འབྲེལ་གསར་འགྱུར་ནང་། ཕྱི་ཚེས་ ༡༤ ཉིན་གྱི་དགོང་མོར་ཉེན་རྟོག་པ་ཨ་འཛིན་ལྷུན་འགྲུབ་ཀྱིས་མཚན་གང་བོར་འགོག་སྲུང་ས་གནས་སུ་ལས་ཀ་བྱས་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་དང་པོ་ནས་གཉིས་པའི་བར་ཁོ་ལ་བཟོད་དཀའ་བའི་མགོ་གཟེར་བརྒྱབ་ཡོད་ན་ཡང་། ཁོས་འགག་སྒོའི་རས་གུར་ནང་དུ་ཅུང་ཙམ་ངལ་གསོས་རྗེས་ཡང་བསྐྱར་ལས་འགན་བསྒྲུབས་ཏུ་སོང་ཡོད་པ་དང། ཉིན་གུང་ཙམ་ལ་ངལ་གསོས་ཡོད་ཀྱང་ཉལ་ཁྲིའི་སྟེང་འདས་གྲོངས་སུ་སོང་ཡོད་པ་དང་། སྨན་པས་ཞིབ་འཇུག་བྱས་པ་བརྒྱུད་འདས་གྲོངས་སུ་སོང་ཡོད་པ་གཏན་འཁེལ་བྱས་ཡོད་པ་དང་། ཁོང་གིས་ནད་ཡམས་སྔོན་འགོག་གུ་ལས་དོན་ཧུར་ཐག་གིས་བསྒྲུབས་པར་ནང་མི་ཚང་མས་རྒྱབ་སྐྱོར་བྱས་ཡོད་སྐོར་སོགས་བརྗོད་འདུག

ཨ་འཛིན་ལྷུན་གྲུབ་ལགས་ནི་རང་ལོ་ ༣༠ ཡིན་པ་དང་། ཕྱི་ལོ་ ༢༠༠༩་ལོར་ལས་ཞུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་ཡོད་པ་དང་། ཁྱུང་མཆུ་རྫོང་ནགས་ལས་ཉེན་རྟོག་ཁང་གི་ལྷ་རྒྱལ་གླིང་གི་རིམ་པ་དང་པོའི་ཉེན་རྟོག་པ་ཡིན་ཞིང་།  ཁོང་གིས་ཁྱུང་མཆུ་རྫོང་དུ་ལས་ཀ་བྱས་ཏེ་ལོ་ངོ་ ༩ ཙམ་འགྲོ་བཞིན་ཡོད་པ་དང་། དེའི་རིང་ཁོང་ལ་རྒྱ་ནག་གཞུང་གིས་ཕུལ་བྱུང་ཉེན་རྟོག་པའི་གཟེངས་རྟགས་ཐེངས་གཉིས་དང་ཕུལ་བྱུང་གཞུང་ཞབས་པའི་གཟེངས་རྟགས་ཐེངས་ ༢ བཅས་སྤྲད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་རྔ་བ་ཁུལ་གྱིས་སྔོན་ཐོན་མི་སྣ་ཟེར་བའི་ཁོངས་སུའང་བདམས་ཡོད་འདུག

སྔར་ལོའི་ལོ་མཇུག་ནས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཕྱིན་པ་ནས་རྒྱ་ནག་ནང་སྨན་པ་དང་ས་ཚིགས་འགོག་སྲུང་ཉེན་རྟོག་པ་སོགས་ལས་གཉེར་མཁན་མང་པོ་ཞིག་ལ་ཉིན་མཚན་བསྟུད་མར་ལས་ཀ་བྱེད་བཅུག་པས། འཕྲོད་བསྟེན་དང་ངལ་དུབ་སོགས་ཀྱིས་འདས་གྲོངས་སུ་སོང་བ་མང་པོ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དང་མདུན་མཆོང་པ་ཡིན་པ་སོགས་བརྗོད་ནས་ཆབ་སྲིད་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་རེད། ཝུ་ཧན་ནས་ཆེད་མཁས་སྨན་པ་ཞིག་གིས་ལས་ཀ་ལས་ཡུན་མང་དྲགས་ཏེ་འདས་གྲོངས་སུ་སོང་བར་ཁོང་མོ་ནི་རྒྱལ་ཡོངས་སྨན་པ་ཁག་གི་མིག་དཔེ་ཡིན་སྐོར་སོགས་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ནས་རྒྱ་ནག་གཞུང་གིས་སྨན་པ་དང་སྨན་ཞབས་པ། འགོག་སྲུང་ཉེན་རྟོག་པ་སོགས་ལ་ལས་དོན་གོ་སྒྲིག་ཏག་ཏག་མེད་པ་དང་། ལས་ཀ་བརྗེ་ལེན་བྱེད་མཁན་དུས་ལྟར་གོ་སྒྲིག་མེད་པ་སོགས་ཀྱིས་མི་མང་མང་པོ་ཞིག་ལས་ཡུན་རིང་དྲགས་ཏེ་འཕྲོད་བསྟེན་བདེ་ཐང་དང་། ངལ་དུབ་སོགས་ཀྱིས་འཆི་ལམ་ལ་འདེད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

དེ་བཞིན་ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་ཁྱོན་ཡོངས་ནས་ནད་པ་དྲགས་སྐྱེད་དང་ནད་འགོས་མཁན་ཇེ་ཉུང་ཡིན་པའི་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ནང་། ཉིན་དེར་ཧུ་པེ་ཞིང་ཆེན་དང་ཝུ་ཧན་གྲོང་ཁྱེར་ནང་ནད་པ་གསར་པ་གཅིག་ཀྱང་བྱུང་མེད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་སུ་གསར་དུ་བྱུང་བའི་ནད་པ་ ༣༤ ལས་མེད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དང་འགྲིམ་འགྲུལ་གནས་བབ་རང་འཇགས་ཡོང་གི་ཡོད་སྐོར་བརྗོད་ཡོད་ཀྱང་། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་འགོས་ནད་ཀྱི་ཁ་ཕྱོགས་དང་གནས་སྟངས་ཁ་བསྒྱུར དེ་བཞིན་འགོས་ནད་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་སྟོན་བཞིན་པ་ལས། གནས་སྟངས་དངོས་ལ་དོགས་གཞི་ཡོད་པ་སོགས་བརྗོད་བཞིན་ཡོད་པ་རེད། 

གཞན་རྒྱ་ནག་གཞུང་ཕྱོགས་ནས་བཤད་པ་ལྟར་ན། བོད་ཁུལ་ལ་མཚོན་ན་ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་སྔོན་འགོས་ནད་ཅན་ ༡ ལས་གཞན་གསར་དུ་བྱུང་བ་མེད་པ་དང། བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་ཁག་ལས་སི་ཁྲོན་ཞིང་ཆེན་ནང་ད་བར་ནད་པ་ ༥༤༠ ལས་གསར་པ་མེད་པ་དང་། མཚོ་སྔོན་ཞིང་ཆེན་དུ་འགོས་ནད་ཅན་ཁྱོན་ ༡༨ ལས་གསར་དུ་བྱུང་བ་མེད་པ། ཀན་སུའུ་ཞིང་ཆེན་ནང་ ༡༣༣ ལས་གསར་དུ་བྱུང་བ་མེད་པ།  ཡུན་ནན་ཞིང་ཆེན་དུ་ ༡༧༦ ལས་གསར་དུ་བྱུང་བ་མེད་སྐོར་དང་།  བོད་རིགས་འདུས་སྡོད་ཤུགས་ཆེན་ཡོད་པའི་ཁུལ་རིམ་པའི་ནང་ད་བར་ནད་པ་ག་ཚོད་བྱུང་ཡོད་པའི་ཁ་གྲངས་ཁྲོད། དཀར་མཛེས་སུ་འགོས་ནད་ཅན་  ༧༨ དང་། རྔ་བ་ཁུལ་ལ་ ༡། ཀན་ལྷོ་ཁུལ་ལ་ནད་པ་ ༨། མཚོ་བྱང་ཁུལ་ལ་ཁྱོན་ ༣ བྱུང་ཡོད་པ་ལས་ས་ཁུལ་དེ་དག་ལ་ནད་པ་གསར་པ་བྱུང་མེད་སྐོར་བསྒྲགས་འདུག

ཕྱི་ཚེས་ ༡༨ ཉིན། དཀར་མཛེས་ཁུལ་འགྲིམ་འགྲུལ་ལས་ཁུངས་དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་གཉིས་མཉམ་འབྲེལ་ཐོག་རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་ཁང་སར་ཡུལ་ཤོག་བར་གྱི་འགྲིམ་འགྲུལ་བཀག་སྡོམ་མི་དགོས་པའི་སྐོར་གྱི་བརྡ་ཐོ་ཞིག་བསྒྲགས་ཡོད་པ་དང་། བརྡ་ཐོའི་ནང་ད་ལྟའི་ཆར་རྟའུ་རྫོང་གི་ཏོག་དབྱིབས་འགོས་ནད་ཤུགས་ཆེར་ཁྱབ་ཁུལ། རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་རྟའུ་རྫོང་ཁང་སར་ཡུལ་ཤོག་བར་གྱི་འགྲིམ་འགྲུལ་བཀག་སྡོམ་མི་དགོས་སྐོར་བརྗོད་ཡོད་པ་དང་། གཞན་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ནས་རྒྱ་ནག་གཞུང་གིས་ཟ་ཁང་དང་ཇ་ཁང་རིགས་སྒོ་ཕྱེ་བཅུག་ཡོད་པ་མ་ཟད། སྤྱི་ཚོགས་འཚོ་སྡོད་དང་ཚོང་ལས་རིགས་ནམ་རྒྱུན་ལྟར་རང་འཇགས་ཡོང་དགོས་པའི་བཀའ་གཏོང་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༢༠

Leave a Reply