མགོ་ནང་དུ་གྲི་ཟུག་ཏེ་ལོ་ ༢༦ ཙམ་ཕྱིན།

འབྲོག་པ་རྒད་པོ་ཞིག་གི་མགོ་ནང་དུ་གྲི་ཆག་ཅིག་ལྷག་ནས་ལོ་ངོ་ ༢༦ ཙམ་འགྲོ་བཞིན་ཡོད་ཀྱང་ཕྱིར་འདོན་ཐུབ་ཀྱི་མེད་འདུགཟླ་འདིའི་ཕྱི་ཚེས་ ༡༩ ཉིན། རྒྱ་ནག་མི་མང་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཟེར་བའི་བོད་སྐད་འཕྲིན་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་མདའ་བཞི་སྡེ་བའི་འབྲོག་པ་རྒན་པོ་རྡོ་རྗེ་ཞེས་པ་ཞིག་མཚོ་བྱང་ཁུལ་བོད་སྨན་ཁང་དུ་ཡོད་པ་དང་། ཁོའི་མགོ་ནང་ལ་རིང་ཚད་ ༨ (CM)ཙམ་གྱི་གྲི་ཆག་ཅིག་ལྷག་སྟེ་ལོ་ངོ་ ༢༦ ཙམ་འགྲོ་ཡི་ཡོད་ཀྱང་། སྨན་པས་གྲི་དེ་མགོ་ནང་དུ་ལྷག་ནས་ཡུན་རིང་འགོར་རྐྱེན་ད་ལྟ་ཕྱི་ལ་བཏོན་ན་ཉེན་ཁ་ཡོད་སྐོར་བརྗོད་འདུག

གནས་ཚུལ་འདི་ཉིན་གཅིག་གཉིས་གོང་དྲ་ལམ་དུ་ཐོན་རྗེས་སྤྱི་ཚོགས་ནང་བདེན་པ་ཡིན་མིན་གྱི་དོགས་པ་བྱེད་མཁན་མང་པོ་བྱུང་སོང་བ་དང། འདི་ག་དུས་བབ་ཀྱི་གསར་འགོད་པས་ཁོང་དང་ཁོང་གི་འབྲེལ་ཡོད་སོགས་ལ་འབྲེལ་ཐབས་བྱས་ཀྱང་བྱུང་མ་སོང་།  བོད་སྐད་འཕྲིན་ལམ་གྱི་གསར་འགོད་པས་མཚོ་བྱང་ཁུལ་བོད་སྨན་ཁང་གི་སྨན་པར་གནས་ཚུལ་དེ་བདེན་པ་ཡིན་མིན་དྲིས་པར། སྨན་པ་ཅུང་ཡ་མཚར་བའི་ངང་ནས་གནད་དོན་འདི་དངོས་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ལོར་ཁོ་ང་ཚོའི་སྨན་ཁང་དུ་ཡོང་ནས་སྨན་པར་སྟོན་དུས་མགོ་བོ་ཤིན་ཏུ་ན་བཞིན་ཡོད་ན་ཡང་། སྐབས་དེར་ཁོའི་མགོ་ནང་གི་གྲི་དེ་ཟུག་ནས་ལོ་བཅུ་ཕྲག་གཅིག་ལྷག་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

གསར་ཁང་དེའི་གནས་ཚུལ་ལྟར་ན། རྡོ་རྗེ་ཡི་ཀླད་པའི་ནང་གི་གྲི་དེ་ཕྱི་ལོ་ ༡༩༩༤ ལོར་འཕྲོག་བཅོམ་བྱེད་མཁན་ཞིག་གིས་ཁོའི་མགོ་ལ་གྲིས་བསྣུན་སྐབས་གྲི་ཆག་སྟེ་མགོ་ནང་དུ་ལྷག་ཡོད་འདུག རྡོ་རྗེ་ཡིས་གསར་འགོད་པར་དེའི་སྐོར་བཤད་པའི་ནང་། ལོ་དེར་ཁོས་འོ་མ་སོགས་སྲིད་གཞུང་ལ་བཙོང་ནས་སྒོར་ ༢༠༠༠ ཙམ་ཞིག་རག་རྗེས། ཁོའི་བུ་མོ་ཆེ་བ་སྨན་ཁང་དུ་ཕྲུ་གུ་བཙའ་ཡི་ཡོད་པ་དེར་ལྟ་རུ་ཕྱིན་ནས་སྨན་ཁང་དུ་བསླེབས་སྐབས། མི་ཞིག་གིས་ཁོ་ལ་སྒོར་མོ་ཡོད་པ་ཤེས་རྟོགས་བྱུང་སྟེ་བཅོམ་རྩིས་བྱས་ཏེ་ཁོའི་མགོ་ལ་གྲིས་བསྣུན་ཡོད་སྐོར་བརྗོད་འདུག

རྡོ་རྗེ་ཡིས་མུ་མཐུད་སྐབས་དེའི་དོན་རྐྱེན་ལ་ཕྱིན་དྲན་བྱས་ཏེ་བཤད་རྒྱུར། སྐབས་དེར་ཁོ་ལ་གཅར་བརྡུང་འཕྲོག་བཅོམ་བྱེད་མཁན་ལོ་ན་ ༢༠ ཙམ་ཡིན་པའི་ཕོ་གསར་ཞིག་ཡིན་པ་དང་། མི་དེས་སྔོན་ལ་ཉེས་རྡུང་བཏང་རྗེས་འཕྲོག་བཅོམ་བྱེད་རྩིས་བྱས་ཀྱང་རེ་བ་མ་འགྲུབ་པར་བརྟེན། ཁོང་ཁྲོ་ཆེན་པོས་ཁོའི་མགོ་ལ་གྲི་ཡིས་བསྣུན་ཏེ་གྲི་ཆག་ཡོད་པ་དང་། ཁོའི་སྣ་གདོང་དང་མིག་སྒམ་བཅག་ཡོད་པ་དང་། སྐབས་དེར་ཁོ་དྲན་པ་བརྒྱལ་སོང་བ་དང་། མི་དེས་མུ་མཐུད་ཁོའི་སྒོར་མོ་འཕྲོག་རྩིས་བྱས་ཡོད་ཀྱང་། སྟབས་ལེགས་ནས་མི་གཞན་ཡོང་བ་མཐོང་རྗེས་བྲོས་ཕྱིན་ཡོད་སྐོར་བརྗོད་འདུག

དོན་རྐྱེན་དེ་བྱུང་རྗེས་ག་འདྲ་དྲག་སྐྱེད་བྱུང་བ་དང་གོང་རིམ་ལ་ཡར་ཞུ་བྱས་ཡོད་མེད་སོགས་ཀྱི་སྐོར་ལ་ཁོས། དོན་རྐྱེན་བྱུང་རྗེས་ཝ་མགྱོགས་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་རྨ་ཁ་སྟབས་བདེ་ཞིག་བཙེམ་རྗེས་མདའ་བཞི་རྫོང་སྨན་ཁང་དུ་ཉིན་ ༡༣ རིང་སྨན་བཅོས་བྱས་ཏེ།  ཕྱིར་ཁྱིམ་དུ་ལོག་ནས་མུ་མཐུད་ཕྱུགས་ཟོག་འཚོས་ནས་བསྡད་པ་ཡིན་མོད། ཕྱི་ལོ་ ༢༠༡༢ ལོར་མགོ་ལ་སྐྲང་འབུར་ཆེན་པོ་ཞིག་ཐོན་པ་མ་ཟད། མགོ་ནང་ལ་ན་ཟུག་ཤུགས་ཆེན་བརྒྱབ་པས། སྨན་ཁང་དུ་བརྟག་དཔྱད་བྱས་པར་ཁོའི་མགོ་ནང་དུ་གྲི་ཞིག་ཟུག་ནས་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁོས་འཕྲོག་བཅོམ་གྱོད་དོན་དེ་གོང་རིམ་ལ་སྙན་ཞུ་བྱས་ཀྱང་ད་བར་མཇུག་འབྲས་གང་ཡང་མ་བྱུང་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༢༠

Leave a Reply

One thought on “མགོ་ནང་དུ་གྲི་ཟུག་ཏེ་ལོ་ ༢༦ ཙམ་ཕྱིན།