ཨི་ཊ་ལི་འཛམ་གླིང་གི་ཏོག་དབྱིབས་ནད་པ་འདས་གྲོངས་ཀྱི་གྲངས་འབོར་མང་ཤོས་དེ་ཆཊ།

ཁ་སང་ཉིན་མཚན་གཅིག་ནང་ཨི་ཊ་ལི་ནང་ཏོག་དབྱིབས་ནད་པ་ ༤༢༧ འདས་གྲོངས་སུ་གྱུར་ཏེ་ཁྱོན་འདས་གྲངས་ ༣༤༠༥ དང་ནད་པ་གྲངས་ ༤༡༠༣༥ བྱུང་སྟེ་རྒྱ་ནག་ལས་ཀྱང་ཛ་དྲག་ཆགས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན་མཚན་གཅིག་ནང་ཨི་ཊ་ལིའི་ནང་ཏོག་དབྱིབས་ནད་པ་གྲངས་ ༤༢༧ རྐྱེན་འདས་སུ་ཕྱིན་ཏེ་ཁྱོན་ནད་པ་ ༣༤༠༥ རྐྱེན་འདས་སུ་ཕྱིན་པར་བརྟེན། འཛམ་གླིང་ནང་ཏོག་དབྱིབས་ནད་པ་འདས་གྲོངས་སུ་ཕྱིན་པའི་གྲངས་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་འདུག དེ་བཞིན་ཉིན་གཅིག་རིང་ནད་རྟགས་ཅན་གྲངས་ ༥༣༢༢ གསར་དུ་ཐོན་ཏེ་ཁ་སང་བར་དུ་ནད་རྟགས་ཅན་ཁྱོན་གྲངས་ ༤༡༠༣༥ ཡོད་པས། འཛམ་གླིང་གི་ཏོག་དབྱིབས་ནད་པ་མང་ཤོས་གཉིས་པར་གྱུར་ཡོད་འདུག་ལ། སི་ཨན་ཨན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་སྨན་ཁང་ཁག་གིས་ནད་པར་སྨན་བཅོས་བྱེད་པའི་ཆ་རྐྱེན་ཡག་པོ་མེད་པ་དང་། ནད་ཡམས་འགོག་སྲུང་བྱེད་པའི་མཁོ་ཆས་འདང་ངེ་མེད་སྟབས་སྨན་པ་དང་ནད་གཡོག་ཚོར་འགོས་ཡོད་སྐོར་བཀོད་འདུག

ཁ་སང་སྨན་པའི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་རྒྱ་ནག་གི་རྒྱ་གྲམ་དམར་པོ་ཚོགས་པའི་ (Red Cross) འགན་འཛིན་གཞོན་པ་སུན་ཧྲོ་ཕེང་ (Sun Shuopeng) གིས། ཨི་ཊ་ལིའི་ནང་གི་གནས་སྟངས་དེ་ནི་ཟླ་གཉིས་སྔོན་གྱི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལྟ་བུ་ཞིག་ཡིན་པ་དང་། ཝུ་ཧན་ནང་བཀག་སྡོམ་གྱི་སྲིད་བྱུས་ལག་བསྟར་བྱས་ནས་ཟླ་གཅིག་གི་རྗེས་སུ་ནད་ཡམས་ཁྱབ་ཚད་མར་ཆགས་ཡོད་ནའང་། ཨི་ཊ་ལའི་ནང་ནད་ཡམས་ཀྱི་ཛ་དྲག་ཆེ་ཤོས་མི་ལཱན་ (Milan) གྲོང་ཁྱེར་ལ་མཚོན་ན་བཀག་སྡོམ་དམ་པོ་བྱེད་ཀྱི་མེད་པར། སྤྱི་དམངས་འགྲུལ་སྐྱོད་འདུ་འཛོམས་མུ་མཐུད་དེ་འགྲོ་བཞིན་ཡོད་པ་དང་། མགྲོན་ཁང་ཁག་གི་ནང་མི་ཚོས་སྤྲོ་སྐྱིད་གཏོང་བ་དང་དགོངས་ཟས་ལ་རོལ་བཞིན་ཡོད་པ་རེད། ཏོག་དབྱིབས་ནད་ཡམས་གདོང་ལེན་བྱེད་པར་སྤྱི་དམངས་ཡོངས་མཉམ་ཞུགས་བྱེད་དགོས་ལ། འགྲོ་སྐྱོད་བཀག་སྡོམ་གྱི་ལམ་སྟོན་ཁག་ཉམས་ལེན་བྱེད་དགོས་པ་རེད། ཅེས་ཨི་ཊ་ལི་མི་མང་གིས་འགྲོ་སྐྱོད་མཚམས་འཇོག་དགོས་པ་དང་ཁྱིམ་དུ་སྡོད་དགོས་པའི་རེ་སྐུལ་ཞུས་འདུག

འཛམ་གླིང་གི་འཕྲོད་བསྟེན་ཆེད་མཁས་པ་ཚོས་ཏོག་དབྱིབས་ནད་ཡམས་དེ་མི་རྒན་འཁོགས་དང་བྱིས་པ། དེ་བཞིན་ལུས་ཟུང་ཞན་པ་ཚོར་ན་སླ་བ་བརྗོད་ཀྱི་ཡོད་པ་རེད་ལ། ཕྱི་ལོ་ ༢༠༡༧ ལོའི་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་གི་སྙན་ཐོ་ལྟར་ན། ཨི་ཊ་ལིའི་ནང་ལོ་ན་ ༦༠ ཡན་ཟིན་པའི་མི་གྲངས་ནི་ཁྱོན་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆའི་ ༣༠ ཙམ་ཟིན་ཡོད་པས་འཛམ་གླིང་ནང་རྒས་འཁོགས་མང་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད་འདུག

ཨི་ཊ་ལིའི་ནང་ཏོག་དབྱིབས་ནད་པ་མང་དུ་འགྲོ་བཞིན་པ་དང་རྒྱལ་ཡོངས་སུ་ཛ་དྲག་ཇེ་ཆེར་འགྲོ་བཞིན་པ། ཚོང་ལས་མཚམས་འཇོག་དང་མི་མང་པོ་ལས་མེད་དུ་ལྷག་པ། ས་གནས་ཀྱི་ཚོང་ཁང་ཁག་གི་ནང་ཉེར་མཁོའི་དངོས་པོ་རྣམས་རྫོགས་བཞིན་ཡོད་སྟབས། འགྲོ་སྐྱོད་ཀྱི་བཀག་སྡོམ་དུས་ཡུན་ངེས་མེད་དུ་བྱས་པ་དེ་བཞིན་རྒྱུན་རིང་གནས་སྲིད་པའི་ཐད་ཡུལ་མི་ཚོས་བློ་འཚབ་སྐྱེ་བཞིན་ཡོད་འདུག་ལ། སྲིད་བློན་ཇོ་སེ་པེ་ཀོན་ཊེ་ (Giuseppe Conte) ལགས་ཀྱིས། ཛ་དྲག་གི་གནས་བབ་མ་ཡོལ་བར་དུ་ཚོང་ལས་མཚམས་འཇོག་དང་སློབ་གྲྭ་ཁག་སྒོ་རྒྱག་དགོས་པ་གསལ་པོ་ཡིན་སྐོར་བརྗོད་འདུག་ལ། ཤེས་རིག་བློན་ཆེན་ལུ་ཁེ་ཡ་ཨན་ཛོ་ལི་ན་ (Lucia Azzolina) ཡིས་སློབ་གྲྭ་སྒོ་འབྱེད་པའི་དུས་ཚོད་ཕར་འགྱངས་བྱ་སྲིད་པ་དང་། རྒྱལ་ཡོངས་སུ་བདེ་འཇགས་ཁག་ཐེག་མ་བྱུང་བར་དུ་མུ་མཐུད་སྒོ་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་ཨི་ཊ་ལིའི་རཱོམ་ (Rome) ནང་ཐོག་མར་ཏོག་དབྱིབས་ནད་དུག་ཅན་གྱི་རྒྱ་མི་ཡུལ་སྐོར་བ་གཉིས་བསླེབས་ཏེ་ཤེས་རྟོགས་བྱུང་ཡོད་པ་དང་། བདུན་ཕྲག་གཅིག་གི་རྗེས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཕྱིར་ལོག་པའི་ཡུལ་མི་ཞིག་ལ་ནད་རྟགས་ཐོན་ཡོད་པ་རེད། ཕྱིས་སུ་རྒྱལ་ཡོངས་སུ་ནད་རྟགས་ཅན་མང་དུ་ཕྱིན་པར་བརྟེན། ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ཨི་ཊ་ལིའི་བྱང་ཁུལ་གྱི་མི་གྲངས་ཁྲི་ ༥ ཙམ་ལ་སྔོན་འགོག་ཟུར་བཀག་བྱས་ཡོད་པ་དང་། ནད་ཡམས་ཛ་དྲག་ཅན་གྱི་ས་ཁུལ་ཁག་གི་ཚོང་ལས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་མཚམས་འཇོག སློབ་གྲྭ་ཁག་སྒོ་བརྒྱབ་པ་སོགས་བྱས་ཡོད་ནའང་། ཕྱིས་སུ་ཚོང་ལས་ཁག་ཅིག་ཕྱིར་སྒོ་འབྱེད་བྱས་ཡོད་འདུག ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གཞུང་གི་བཀོད་ཁྱབ་ལ་བརྩི་བཀུར་མི་བྱེད་མཁན་ཚོར་ཉུང་མཐར་ཡུ་སྒོར་ ༢༠༦ ནས་ཟླ་གསུམ་རིང་བཙོན་འཇུག་བྱེད་དགོས་པ་རྒྱལ་ཡོངས་ཀྱི་དམག་མི་དང་ཉེན་རྟོག་ལས་ཁུངས་སུ་བཀའ་ཁྱབ་བཏང་འདུག

ཏོག་དབྱིབས་ནད་ཡམས་ཐོག་མར་བྱུང་ས་རྒྱ་ནག་དང་བསྡུར་ན་ཨི་ཊ་ལིའི་ནང་རྐྱེན་འདས་སུ་གྱུར་བའི་གྲངས་ ༡༥༦ ཡིས་མང་བ་ཡོད་པ་དང་། ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་ནད་རྟགས་ཅན་གྲངས་ ༢༤༤༥༠༠ ཡོད་པ་དང་། རྐྱེན་འདས་སུ་ཕྱིན་པ་གྲངས་ ༡༠༠༠༠ ལྷག་ཡོད་པ་རེད། རྒྱ་ནག་གཞུང་གིས་ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ནང་ཏོག་དབྱིབས་ནད་རྟགས་ཅན་གསར་པ་ ༣༩ ཐོན་ཡོད་པ་ཆ་ཚང་ཕྱི་ནས་ཡོང་བ་ཡིན་པ་ལས་རྒྱ་ནག་ནང་དུ་བྱུང་བ་གཅིག་ཀྱང་མེད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༢༠

Leave a Reply