ཏོག་དབྱིབས་ནད་དུག་ལས་འཕྲོས་པའི་གཏམ།

ཆབ་མདོ་ངག་ཕུན།

  དེ་རིང་ངས་བཤད་འདོད་པ་ནི། ཕྱི་ལོ་སྟོང་ཉི་ཤུ་མགོ་བཙུགས་མ་ཐག་རྒྱ་ནག་ཝུ་ཧན་གྲོང་ཁྱེར་དུ་ནད་དུག་ཏོག་དབྱིབས་ཞེས་པ་འཆད་ནས་མི་དམངས་ཁྲི་ཚོ་དུ་མ་ཞིག་ལ་ནད་ཡམས་དེ་ཉིད་འགོས་པ་དང་། མི་དམངས་དུ་མ་ཞིག་རྐྱེན་འདས་སུ་འགྱུར་བཞིན་ཡོད་ཅིང་། མི་དམངས་དབྱིངས་ཀྱི་སེམས་ནང་འཇིགས་སྐྲག་གི་དཀའ་ངལ་ཚད་མེད་བཟོ་བཞིན་ཡོད། ནད་ཡམས་དེ་ཉིད་དང་ཐོག་རྒྱ་ནག་གི་སྨན་པ་ཞིག་གིས་འགོས་ནད་ཡིན་པ་སྔོན་འགོག་བྱེད་དགོས་ཚུལ་གྱིས་བསམ་ཚུལ་བཤད་མ་ཐག །སྲིད་གཞུང་གིས་མི་དམངས་བདེ་འཇགས་དཀྲུག་མཁན་ཡིན་ཚུལ་ལ་སོགས་ཀྱི་ཉེས་མིང་བཏགས་ནས་བཀག་ཉར་བྱས་ཡོད། རིམ་པས་ནད་ཡམས་དེ་ཉིད་ཁྱབ་ཚད་ཆེ་རུ་ཕྱིན་མཐར་རྒྱ་ནག་ས་གནས་སྲིད་གཞུང་གིས་སྦ་གསང་མ་ཐུབ་ནས་གནས་ཚུལ་དེ་དག་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ། འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་སྲིད་གཞུང་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་ད་རེས་ནད་ཡམས་དེ་ཉིད་སྦ་གསང་བྱེད་སྟངས་ལས་གསལ་པོ་རྟོགས་ཡོད་ཅིང་། ལྷག་དོན་དུས་རྒྱུན་ནས་རྒྱ་ནག་ཡུལ་གྲུ་འགའ་ཤས་ནང་དུ་དུད་འགྲོ་སྲོག་ཆགས་འདྲ་མིན་གྱི་ཤ་རིགས་ཚད་ལས་འདས་པ་ཟ་བ་དང་། བསམ་ཡུལ་ལས་འདས་པའི་སྲོག་ཆགས་གསོན་པོ་སྣུམ་ནང་བརྔོས་ནས་ཟ་བ་དང་། དུད་འགྲོ་གསོན་པོ་ཟ་བ་སོགས་ཀྱི་བྱ་སྤྱོད་ངན་པ་དེ་དག་བྱེད་ཀྱི་ཡོད་མོད། དེ་དག་རྒྱ་ནག་དམར་པོའི་སྲིད་གཞུང་གི་དཀའ་སྡོམ་གཏན་ནས་བྱས་མེད་ཅིང་། མི་དམངས་བསམ་ཡོད་ཅན་འགའ་ཤས་ཀྱིས་བསམ་ཚུལ་བཤད་ཡོད་ཀྱང་དོ་སྣང་བྱས་མེད་པར་བརྟེན་ནས་ད་རེས་ནད་ཡམས་དེ་ཉིད་ཕ་བང་གི་ཤ་བརྒྱུད་ནས་མི་ལ་འགོས་པ་ཞིག་ཏུ་འདོད་ཀྱི་ཡོད་པ་རེད།

དེ་བཞིན་དང་ཐོག་ནས་སྨན་པས་གསུང་དོན་ལྟར་དམར་པོ་སྲིད་གཞུང་གིས་ནད་ཡམས་དེ་ཉིད་སྔོན་འགོག་བྱས་ཡོད་ན་ད་ཚོད་འཛམ་གླིང་མི་དམངས་ལ་དཀའ་ངལ་དེ་དག་ཡོང་མི་སྲིད་པ་ཞིག་རེད།  ལྷག་དོན་རྒྱ་ནག་ནང་དུ་ནད་ཡམས་དེ་ཉིད་ཀྱིས་ཚ་རླབས་འཕྱུར་བཞིན་པའི་སྐབས་དེར་ནུབ་ཕྱོགས་རྒྱལ་ཁབ་ཚོས་ནད་ཡམས་དེ་ཉིད་དེ་ཙམ་ཛ་དྲག་ཅན་ཞིག་ཏུ་རྩིས་མེད་ཅིང་། འགྲེམས་འགྲུལ་སོགས་བཀག་སྡོམ་དེ་ཙམ་ཞིག་ཚུན་མཐུན་གནང་མེད་པའི་དབང་གིས་ད་གཟོད་དཀའ་ངལ་གྱི་གནས་སུ་ལྷུང་བ་ཞིག་ཏུ་འདོད་ཀྱི་ཡོད། དང་ཐོག་ནས་ནད་ཡམས་དེ་ཉིད་ཤིན་ཏུ་ནས་ཛ་དྲག་ཅན་ཞིག་ཏུ་ངོས་འཛིན་ནས་ཕར་འགྲོ་ཚུར་འོང་གི་འགྲེམས་འགྲུལ་བཀག་སྡོག་གི་སྔོན་འགོག་བྱས་ཡོད་ན་ད་གཟོད་དཀའ་ངལ་འདི་འདྲ་ཞིག་འཕྲད་མི་སྲིད་པ་ཞིག་རེད། དེང་སྐབས་རྒྱ་ནག་ཏུ་ཉིན་རེ་བཞིན་ནད་པ་ཉུང་དུ་འགྲོ་བཞིན་ཡོད་མོད། རྒྱལ་ཁབ་གཞན་ལ་ནད་ཡམས་ཁྱབ་ནས་དཀའ་ངལ་གནས་སུ་ལྷུང་བཞིན་ཡོད་ལ། རྒྱལ་ཁབ་འགའ་ཤས་ཀྱིས་ཛ་དྲག་གིས་ཟ་ཁང་དང་། ཚོང་ཁང་། སྤྲོ་སྐྱིད་ཁང་ལ་སོགས་སྒོ་རྒྱག་དགོས་འབྱུང་བཞིན་ཡོད་ཅིང་། འགྲུལ་བཞུད་སོགས་བཀག་འགོག་བྱེད་དགོས་གྱུར་ཡོད། ད་ནི་ནད་ཡམས་དེ་ཉིད་དབང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་འཐེབ་པ་ཙམ་མ་ཟད། མི་དམངས་རྣམས་ལའང་སེམས་ནང་དངངས་སྐྲག་ངང་འགྲོ་འདུག་བྱེད་དགོས་པ་བཟོ་བཞིན་ཡོད་ཅིང་། དེ་དག་བཟོ་མཁན་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གནད་ཡོད་འགོ་ཁྲིད་ཚོས་དང་ཐོག་ནས་ནད་ཡམས་དེ་ཉིད་སྦ་གསང་བྱས་པ་ཉེས་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་རེད།

ལྷག་དོན་རྒྱ་དམར་སྲིད་གཞུང་གིས་བོད་ནང་དུ་མི་ལོ་དྲུག་ཅུ་ལྷག་བོད་མི་རྣམས་ལ་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་མོད། ད་དུང་དེ་ལས་ལྡོག་སྟེ་བོད་ལ་གནམ་ས་ཨ་ལོག་ལྟ་བུ་ཡར་རྒྱས་གཏོང་ཡོད་ལུགས་ཀྱི་ཆབ་སྲིད་ཀྱི་དྲིལ་བསྒྲགས་རྫུན་མ་དང་། དེ་བཞིན་བོད་མི་རྣམས་ཞི་བདེ་བག་ཕེབས་ཀྱི་ངང་ནས་འཚོ་བ་རོལ་གྱི་ཡོད་ཚུལ་འུར་སྒྲོག་རྫུན་མ་རྐྱང་བཤད་ཀྱི་ཡོད། དོན་དངོས་ཐོག་དེ་འདྲ་ཞིག་གཏན་ནས་མེད་ཅིང་། བོད་མི་རྣམས་ལ་ཚིག་གཅིག་ཀྱང་རང་དབང་གི་སྨྲ་བརྗོད་ཐོབ་ཐང་མེད་ཅིང་། རྒྱ་དམར་སྲིད་གཞུང་གིས་གང་ཞིག་ལབ་པ་ཡིན་ན་མི་འདོད་བཞིན་དུ་དེའི་རྗེས་སུ་འགྲོ་དགོས་ཐུག་གི་ཡོད་པ་ཞིག་རེད།  རྒྱ་དམར་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མ་མཐུན་པ་བྱུང་ཚེ་ལམ་སང་མི་སྣ་དེ་དག་བཙན་དབང་གིས་ཉེས་མིང་སྣ་ཚོགས་འགེལ་ནས་བཙོན་ཁང་དུ་བཅུག་པ་དང་། ཐབས་ལམ་སྣ་ཚོགས་ཤིག་བེད་སྤྱོད་ནས་མི་སྣ་དེ་དག་མེད་པ་བཟོ་གིན་ཡོད། དེའི་དཔེ་མཚོན་ཡག་ཤོས་ནི་ད་རེས་རྒྱ་དམར་སྲིད་གཞུང་གིས་དངོས་ཡོད་ཀྱི་གནས་ཚུལ་རྣམས་ག་འདྲ་ཞིག་སྦ་གསང་བྱེད་ཀྱི་ཡོད་མེད་ཝུ་ཧན་གྱི་ནད་ཡམས་ཀྱི་གནས་ཚུལ་དེ་དག་ལས་ར་སྤྲོད་གསལ་ཤོས་དེ་རེད།  ད་རེས་ཝུ་ཧན་གྱིས་གནས་ཚུལ་དེ་དག་གོང་དུ་ཞུས་ཟིན་ལྟར་དང་ཐོག་ནས་སྨན་པའི་ལམ་སྟོན་ལྟར་འགོག་སྡོམ་བྱས་ཡོད་ཚེ། ད་འཆར་འཛམ་གླིང་ཐོག་ཏུ་དཀའ་ངལ་འདི་འདྲ་ཞིག་འཕྲད་མི་སྲིད་པ་དེ་རེད། དེ་འདྲའི་འགོག་སྡོམ་བྱེད་རྒྱུ་ཚབ་ཏུ་སྨན་པ་དེ་ཉིད་དཀྲོག་གཏམ་སྤེལ་མཁན་ཞིག་ཏུ་ངོས་འཛིན་བྱས་ཏེ་འཛིན་བཟུང་བྱས་པ་རེད། དེ་འདྲའི་ཐབས་སྐྱོ་པོའི་དམར་པོ་སྲིད་གཞུང་ཞིག་མ་རེད་དམ། ད་རེས་རྒྱ་ནག་སྲིད་གཞུང་གིས་ཉེས་པ་ཚབ་ཆེན་ཞིག་བསགས་ཡོད་པ་འདོད། སོ་སོའི་རྒྱལ་ཁབ་ཙམ་དུ་མ་ཟད་འཛམ་གླིང་ཁྱོན་ཡོངས་སུ་དཀའ་ངལ་ཚད་ལས་འདས་པ་བཟོས་པ་རེད། དེ་དག་བཟོ་མཁན་རྒྱ་ནག་སྲིད་གཞུང་ཁོ་ན་ཡིན་ཞིང་། ནོར་འཕྲུལ་བྱས་པ་དེས་རྒྱ་ནག་དམར་པོའི་སྲིད་གཞུང་འདི་ཉིད་འཛམ་གླིང་མི་དམངས་ཀྱི་མདུན་དུ་ངོ་གནོང་དགོས་པའི་དམར་པོ་སྲིད་གཞུང་ཞིག་ཡིན་པ་གསོན་པོར་བསྐྲུན། མི་རྣམས་ཞི་བདེའི་ལྷིང་འཇགས་དཀྲོག་ཅིང་། ནད་ཡམས་འདིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་རྒྱུ་གཉིས་ལ་གྱོང་རྒུད་ཚད་ལས་འདས་པ་བཟོ་བཞིན་ཡོད།

ནད་ཡམས་དེ་ཉིད་དང་ཐོག་རྒྱ་ནག་ཝུ་ཧན་ནས་འབྱུང་བ་ཞིག་ཡིན་པས། འགའ་ཤས་ཀྱིས་འཛམ་གླིང་ཏོག་དབྱིབས་ཀྱི་ནད་དུག་ཅེས་བརྗོད་ཀྱི་འདུག་མོད། དེ་ལྟར་མ་རེད་སྙམ། དང་ཐོག་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་འབྱུང་སྟེ་འཛམ་གླིང་དུ་ཁྱབ་པ་དེ་རེད། རྒྱ་ནག་གི་ཆབ་སྲིད་འཁྲབ་ནས་ཝུ་ཧན་གྱི་ནད་ཡམས་དེ་ཉིད་རྒྱལ་ཁབ་གཞན་ནས་ཁྱབ་ཚུལ་བཤད་ཀྱི་ཡོད་མོད། དེ་དག་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་སོ་སོའི་ཉེས་པ་དེ་དག་གཞན་ལ་འགེལ་བའི་གོམས་གཤིས་ངན་པ་ཞིག་ཡོད་པ་རེད། རྒྱ་ནག་ཝུ་ཧན་གྲོང་ཁྱེར་གྱི་ནད་ཡམས་དེ་ཉིད་ཀྱི་འཛམ་གླིང་མི་དམངས་ལ་བདེ་འཇགས་མེད་པ་བཟོས་ནས་མི་རྣམས་དཀའ་སྡུག་གནས་སུ་རྫོང་སོང་ཞིང་།

མཐའ་དོན་དེང་སྐབས་ཛ་དྲག་འདི་འདྲའི་སྐབས་སུ་ང་ཚོ་སྤྱི་ཚོགས་ནང་དུ་རྒྱ་དམར་གྱི་དགོས་དོན་སྒྲུབ་མཁན་མི་སྣ་ཉུང་ཤས་ཤིག་གིས་སྤྱི་ཚོགས་དཀྲུག་ཐབས་ཀྱིས་སྐད་ཆ་རྫུན་མ། ཡིག་ཆ་རྫུན་བཟོ་བྱེད་ནས་དྲ་ལམ་དང་སྐད་འཕྲིན་ཁག་ཏུ་ཡང་ཡང་བཀྲམ་གྱི་འདུག་ཅིང་། དེ་རིགས་ལ་བོད་མི་རྣམས་ཀྱི་མགོ་བོ་ནམ་ཡང་འཁོར་མི་ཉན་ཞིང་། ངེས་པར་ཡིད་གཟབ་གནང་དགོས་པ་སེམས། ད་ནི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ནད་ཡམས་ཏོག་དབྱིབས་དེ་དག་སྐབས་མི་ག་ཚད་འགོས་ཡོད་པ་དང། མི་ག་ཚད་རྐྱེན་འདས་བྱུང་བ་སོགས་བོད་ཀྱི་དུས་བབ་ལས། “ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཁྲོད། འཛམ་གླིང་ཁྱོན་ཡོངས་ནང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༧༤༧༡ དང་ནད་པ་ ༡༨༦༧༢༤ ཡོད་པ་དང་། ད་ལྟ་རྒྱ་གར་ནང་ནད་པ་གྲངས་ ༡༣༧ དང་རྐྱེན་འདས་སུ་ཕྱིན་པའི་མི་ ༣ འདུག དེ་བཞིན། རྒྱ་ནག་ནང་ནད་པ་ ༨༠༨༨༡ དང་། མི་ ༣༢༢༦ རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། འཛམ་གླིང་གི་ནད་པའི་གྲངས་འབོར་མང་ཤོས་གཉིས་པ་སྟེ་ཨི་ཊ་ལིའི་ནང་ནད་པ་ ༢༧༩༨༠ དང་། ཨི་རཱན་ནང་ནད་པ་ ༡༦༡༦༩། སི་པན་ནང་ནད་པ་ ༡༡༡༧༨། དེ་བཞིན་ལྷོ་ཀོ་རི་ཡའི་ནང་ནད་པ་ ༨༣༢༠ ཟིན་ཡོད་འདུག་”ཅེས་བཀོད་དོན་ལྟར་ནད་ཡམས་དེ་ཉིད་འགོས་ཁྱབ་ཀྱི་མགྱོགས་ཚད་གང་འདྲ་ཞིག་ཡིན་པ་རྟོགས་ཐུབ་པ་ཞིག་རེད། མི་རྣམས་དངངས་སྐྲག་བྱེད་དགོས་པའི་གནས་སུ་ལྷུང་ཡོད། སྨན་བཅོས་བྱས་པ་ན་བཅོས་ཐུབ་ཀྱི་ཡོད་པས་མི་དམངས་རྣམས་སེམས་ལྷོད་ལྷོད་གནང་དགོས་པ་ཞིག་ལས་དངངས་སྐྲག་གཏན་ནས་མི་རུང་སྙམ། མཐའ་དོན་ད་རེས་ཀྱི་ནད་ཡམས་དེ་ཉིད་མྱུར་ཞི་ཞིང་། སྐྱོ་འགྲོ་རྣམས་ལ་བདེ་སྐྱིད་ཡོང་བ་སྨོན་ནོ། །

ཟླ་ ༣ ཚེས་ ༡༩ ཉིན་བྲིས།

བསྐྱར་བཅོས།: ༢༠༢༠/༠༣/༢༡

Leave a Reply