འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པ་དང་ཆེས་བདེ་སྐྱིད་མེད་པའི་རྒྱལ་ཁབ་ཁག་ཅིག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་ལྟར་ན་འདི་ལོའི་འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ནི་ཡུ་རོབ་ནང་ཡོད་པའི་ཧྥེན་ལན་ཌི་དང་ཆེས་བདེ་སྐྱིད་མེད་པའི་རྒྱལ་ཁབ་ནི་ཨ་ཧྥི་གྷ་ནེ་སི་ཐན་ཡིན་འདུག

ཁ་སང་རྒྱལ་སྤྱིའི་བདེ་སྐྱིད་ཀྱི་ཉིན་མོ་དང་བསྟུན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་བདེ་སྐྱིད་ཆེས་ཆེ་ཤོས་དང་སྡུག་ཤོས་ཀྱི་ཞིབ་འཇུག་སྙན་ཐོ་ཞིག་ཡོངས་བསྒྲགས་གནང་བ་ལྟར་ན།  ད་ལོའི་ཞིབ་འཇུག་སྙན་ཐོའི་ནང་སའི་གོ་ལའི་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་དང་པོ་ཧྥིན་ལན་ཌི(Finland)དང་གཉིས་པ་ཌན་མག་(Denmark)། གསུམ་པ་སུད་སི(Switzerland)།བཞི་པ་ཨ་སི་ལན་ཌི(Iceland)།  ལྔ་པ་ནོར་ཝེ་(Norway)བཅས་བདམས་འདུག་པ་དང་། ཆེས་བདེ་སྐྱིད་མེད་པའི་རྒྱལ་ཁབ་ལྔ་ནི་དང་པོ་ཨ་ཧྥི་གྷ་ནེ་སི་ཐན་(Afghanistan )དང་། གཉིས་པ་ལྷོ་སོ་ཌན་(South Sudan)། གསུམ་པ་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཛིམ་བྷ་བྷའེ་(Zimbabwe)། བཞི་བ་ར་ཝན་ཌྰ(Rwanda)། ལྔ་པ་ཨ་ཧྥི་རི་ཁའི་དབུས་སྤྱི་མཐུན་རྒྱལ་ཁབ་ (Central African Republic)བཅས་ཡིན་འདུག

ཞིབ་འཇུག་སྙན་ཐོ་དེ་འཛམ་གླིང་རྒྱལ་ཁབ་ ༡༥༣ ནང་གི་མི་མང་གི་འཚོ་གནས་དང་འབྲེལ་བའི་གནད་དོན་ཆེན་པོ་ ༦ གི་ཐོག་མི་མང་ལ་དྲི་བ་དྲིས་ལན་གྱི་ལམ་ནས་ཞིབ་འཇུག་གྲུབ་དོན་བཏོན་པ་ཞིག་ཡིན་པ་དང་། དེ་ཡང་གནད་དོན་དྲུག་ནི་མི་མང་གི་ཡོང་འབབ་དང་རང་དབང་། ཡིད་ཆེས། འཕྲོད་བསྟེན་བདེ་ཐང་། སྤྱི་དམངས་ཀྱི་རྒྱབ་སྐྱོར་དང་གཏོང་ཕོད་ཇི་ཙམ་ཡོད་མེད་བཅས་རེད་འདུག་ལ། ཞིབ་འཇུག་ནང་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ ༡༠ དང་བདེ་སྐྱིད་མེད་པའི་རྒྱལ་ཁབ་༡༠ བཅས་བཏོན་འདུག

ཞིབ་འཇུག་སྙན་ཐོ་དེའི་ཟུང་སྤྲེལ་རྩོམ་པ་པོ་ཇེ་ཧྥི་རེ་སཱ་ཆི་(Jeffrey Sachs)ལགས་ཀྱིས། འདི་ལོའི་ཞིབ་འཇུག་སྙན་ཐོའི་ནང་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཁག་གིས་འཕྲོད་བསྟེན་དང་འབྲེལ་ཏོག་དབྱིབས་འགོད་ནད་སྔོན་འགོག་བྱེད་ཐུབ་ཀྱི་ཡོད་སྐོར་བཀོད་མེད་ལ། ད་སྔ་བར་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་ཡམས་དེར་གདོང་ལེན་བྱེད་ཐུབ་ཀྱི་མེད་པ་རེད། ཅེས་བརྗོད་ཡོད་པ་དང་། ཞིབ་འཇུག་སྙན་ཐོ་འདི་ཏོག་དབྱིབས་ནད་ཡམས་མ་བྱུང་སྔོན་ནས་མགོ་བརྩམས་པའི་ལས་གཞི་ཞིག་ཆགས་ཡོད་འདུག

ཡང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ཏུ་བདེ་སྐྱིད་ཀྱི་ཚད་གཞི་དམའ་མོ་ཡིན་སྐོར་ལ་སྙན་ཐོའི་ནང་། གལ་སྲིད་ཏོག་དབྱིབས་ནད་ཡམས་བྱུང་མེད་ནའང་། འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཀྱང་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ ༡༠ ནང་བསླེབ་མེད་པ་དང་། དབྱིན་ཡུལ་ལྟ་བུར་ཆ་མཚོན་ན་འདས་ལོ་ལས་ལོ་ ༢ འཕར་ཡང་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཨང་རིམ་ ༡༣ པ་དང་། འཇར་མན་ཨང་རིམ་ ༡༧ ། ཨ་རི་ཨང་རིམ་ ༡༨ ། དེ་བཞིན། ཉི་ཧོང་ཨང་རིམ་ ༦༢ ། རྒྱ་ནག་ཨང་རིམ་ ༩༤ བཅས་ཆགས་ཡོད་སྐོར་བཀོད་འདུག

རྒྱལ་སྤྱིའི་བདེ་སྐྱིད་ཀྱི་ཉིན་མོ་ནི་ཕྱི་ལོ་ ༢༠༡༡ ལོར་འབྲུག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་བདེ་སྐྱིད་ནི་འཕྲོད་བསྟེན་བདེ་ཐང་དང་འབྲེལ་བའི་གལ་གནད་ཅན་གྱི་བརྗོད་གཞི་ཞིག་ཡིན་སྟབས། བདེ་སྐྱིད་གྱི་ཉིན་མོ་ཞིག་དགོས་པའི་རེ་འདུན་བཏོན་པ་ལྟར། ཕྱི་ལོ་ ༢༠༡༢ ལོར་རྒྱལ་ཚོགས་ཀྱིས་འཆར་ཅན་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱལ་སྤྱིའི་བདེ་སྐྱིད་ཉིན་མོར་ངོས་འཛིན་བྱས་ཡོད་པ་དང་། ཉིན་དེར་ལོ་གཅིག་རིང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་མང་ལ་དྲི་བའི་ལམ་ནས་བདེ་སྐྱིད་ཡོད་མེད་ཐོག་སྐད་ཆ་དྲིས་ཏེ། ཆེས་བདེ་སྐྱིད་ལྡན་པ་དང་བདེ་སྐྱིད་མེད་པའི་ཞིབ་འཇུག་སྙན་ཐོ་འདོན་བཞིན་ཡོད་པ་ཞིག་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༢༡

Leave a Reply