ཨོ་ལོམ་པིག་རྩེད་འགྲན་ཕར་འགྱང་བྱ་རྒྱུའི་ཉེན་ཁར་སླེབས།

ཁེ་ན་ཌ་དང་ཨོ་སི་ཊོ་ལི་ཡ་སོགས་ཀྱི་ཨོ་ལིམ་པིག་རྩེད་འགྲན་རུ་ཁག་གིས་ཉི་ཧོང་གི་ཕྱི་ལོ་ ༢༠༢༠ ལོའི་ཨོ་རྩལ་འགྲན་ཚོགས་དུས་ཡུན་ཕར་འགྱང་བྱས་ན་ལེགས་པ་དང་ཕར་འགྱང་མ་བྱས་ན་མཉམ་ཞུགས་བྱ་རྒྱུ་མིན་པའི་སྔོན་བརྡ་བཏང་འདུགའཛམ་གླིང་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཛ་དྲག་ཏུ་འགྲོ་བཞིན་ཡོད་པར་བརྟེན། དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཁེ་ན་ཌ་རྒྱལ་ཁབ་ཀྱི་ཨོ་རྩལ་རྩེད་འགྲན་རུ་ཁག་གིས། ཉི་ཧོང་རྒྱལ་ཁབ་ནང་འཚོགས་ལ་ཉེ་བའི་འཛམ་གླིང་གི་རྩེད་འགྲན་ཆེན་མོ་ཨོ་ལོམ་པིག་དེ། ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ལ་བལྟས་ནས་གནས་སྐབས་རྩེད་འགྲན་ཕར་འགྱང་བྱེད་ཐུབ་ན་ལེགས་ཚུལ་གྱི་བསམ་ཚུལ་བཏོན་ཡོད་པ་མ་ཟད། གལ་ཏེ་ཕར་འགྱང་མ་བྱུང་ན། རྩེད་འགྲན་པའི་འཕྲོད་བསྟེན་ནི་གལ་འགངས་ཆེན་པོ་ཡིན་སྟབས། ཁེ་ན་ཌ་རྒྱལ་ཁབ་རྩེད་འགྲན་དེའི་ནང་མཉམ་ཞུགས་བྱ་རྒྱུ་མིན་ཞེས་བརྗོད་ཡོད་པ་རེད།

ཁ་སང་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གིས་ཡུལ་དེའི་གྲོས་ཚོགས་ནང་། རྩེད་འགྲན་པ་ཚོའི་འཕྲོད་བསྟེན་ནི་གལ་འགངས་ཆེ་ཤོས་དེ་ཆགས་ཡོད་སྟབས། རྩེད་འགྲན་དེ་ཕར་འགྱང་མ་བྱེད་ཀ་མེད་ལྟ་བུ་མཐོང་གི་འདུག་ཀྱང་། དུས་ཚོད་ཅིག་ལ་རྩེད་མོ་ཡོད་ཚད་ཕྱིར་འགྱང་བྱེད་ཐུབ་རྒྱུ་ཁག་པོ་ཡིན། ཅེས་གསུངས་འདུག

ཁེ་ན་ཌ་རྒྱལ་ཁབ་ཀྱི་རྩེད་འགྲན་རུ་ཁག་ནས་ཕྱིར་འཐེན་བྱ་རྩིས་ཡོད་པའི་གནས་ཚུལ་ཐོན་རྗེས། ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་ཀྱི་རྩེད་འགྲན་རུ་ཁག་ཚོགས་པའི་ངོས་ནས་ཀྱང་ཕལ་ཆེར་རྩེད་འགྲན་དེ་ཉིད་མགོ་འཛུགས་བྱ་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། ཕྱི་ལོ་ ༢༠༢༡ བར་ཕར་འགྱང་བྱེད་ཐུབ་ན་ལེགས་ཚུལ་བརྗོད་འདུག་ལ། དབྱིན་ཡུལ་གྱི་རྩེད་འགྲན་པ་ཞིག་གིས་ཀྱང་། ད་ཆ་ཉིན་རེ་ནས་ཉིན་རེར་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ལ། རྒྱལ་ཁབ་མང་པོའི་གྲོང་ཁྱེར་ཁག་སྒོ་རྒྱག་པའི་གནས་ཚུལ་མང་དུ་འཐོན་བཞིན་པའི་སྒང་ཡིན་པས། ཨོ་ལོམ་པིག་རྩེད་འགྲན་དེ་ཕར་འགྱང་བྱེད་ཀྱི་ཡོད་མེད་ཐག་གཅོད་གང་མྱུར་བྱུང་ན་ཡག་པོ་འདུག་ཅེས་བརྗོད་ཡོད་པ་རེད།

འཛམ་གླིང་ཨོ་ལོམ་པིག་ཚོགས་པའི་གཏན་འབེབ་གཞིར་བཟུང་བྱས་ན། རྩེད་འགྲན་དེ་ཉིད་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༤ ཉིན་ནས་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོའི་ནང་མགོ་འཛུགས་བྱ་རྒྱུ་ཡིན་ཡང་། ཏོག་དབྱིབས་ནད་ཡམས་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ཁག་ ༡༩༥ ཙམ་ནང་ཁྱབ་སྟེ། དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཉིན་གུང་བར་དུ་ནད་ཡམས་དེ་མི་གྲངས་ ༣༤༡༦༣༡ ལ་འགོས་པ་དང་། མི་ ༡༤༧༤༩ འདས་གྲོངས་སུ་ཕྱིན་ཡོད་པ་རེད།

ཕྱི་ལོ་ ༡༩༤༠ ལོར་ཉི་ཧོང་དུ་ཨོ་ལོམ་པིག་ཚོགས་གཏན་འཁེལ་ཡོད་ཀྱང་། སྐབས་དེར་འཛམ་གླིང་གི་དམག་ཆེན་གཉིས་པ་བྱུང་བར་བརྟེན་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་དང་། དེ་མིན་ད་ལྟ་བར་དུ་ནད་ཡམས་ཛ་དྲག་གིས་ཨོ་ལོམ་པིག་རྩེད་འགྲན་ཕར་འགྱང་བྱས་པའི་ལོ་རྒྱུས་གཅིག་ཀྱང་བྱུང་མེད་འདུག

ལྡི་ལིའི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༢༣

Leave a Reply