བོད་སྨན་གྱིས་ཏོག་དབྱིབས་ནད་ཡམས་འགོག་བཅོས་ལ་ཕན་ཐོཊ་ཆེན་པོ་བྱུང་ཡོད་འདུག

རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ཅིག་ཏུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཏུ་ཕྱིན་ཏེ་ཛ་དྲག་ཆགས་སྐབས་བོད་སྨན་གྱིས་ཕན་ཐོགས་ཆེན་པོ་བྱུང་བ་ལྟར་མ་འོངས་པར་རིམས་ནད་འགོག་བཅོས་ཐད་བོད་སྨན་གྱི་སྨན་བཅོས་ཚོགས་ཆུང་ཆེད་འཛུགས་དགོས་སྐོར་བརྗོད་འདུགརྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཚབས་ཆེན་འགོས་ཁྱབ་ཏུ་ཕྱིན་པ་དང་བསྟུན། བོད་ཁུལ་གྱི་ས་ཁུལ་སོ་སོའི་བོད་སྨན་ཁང་ཁག་དང་སྨན་པ་གྲྭ་ཚང་སོགས་ནས་མཐུན་སྦྱོར་རོགས་རམ་གནང་ཡོད་པ་མ་ཟད། བོད་ལུགས་གསོ་རིག་ལ་བརྟེན་ནས་སྡེབ་སྦྱོར་གནང་བའི་བོད་སྨན་མང་པོ་རིན་མེད་དུ་གནང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༢ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིར་རྒྱ་ནག་གི་ནད་ཡམས་སྨན་བཅོས་ཁྲོད་བོད་སྨན་གྱིས་ཕན་ཐོགས་བྱུང་བ་དང་། བོད་སྨན་གྱི་སྨན་ཁག་ཅིག་གིས་འགོས་ནད་ཅན་གྱི་ནད་པའི་གློ་བ་གཙང་སེལ་དང་། གློ་བའི་དབུགས་ཀྱི་རྒྱུ་ལམ་གྱི་འཁོར་སྐྱོད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། བོད་དཀར་མཛེས་ཕྱོགས་ཀྱི་ཏོག་དབྱིབས་ནད་པ་ཚོར་བོད་སྨན་བཀོལ་སྤྱོད་བྱས་ཡོད་པ་དང་། རྒྱ་ནག་གི་འགོས་ནད་ཆེད་མཁས་པ་ཀྲུང་ནན་ཧྲན་གྱིས་ཀྱང་ཚོགས་འདུ་ཞིག་དང་འབྲེལ་ནད་ཡམས་སྨན་བཅོས་ཁྲོད་རྒྱ་ནག་གི་སྲོལ་རྒྱུན་སྨན་དང་བོད་སྨན་ལ་བརྟེན་ནས་འགོག་བཅོས་བྱས་ཡོད་སྐོར་བརྗོད་འདུག

འདི་ག་དུས་བབ་ཀྱི་གསར་འགོད་པས་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཀྱི་ཞབས་ཞུ་བ་བོད་ནང་གི་འབྲེལ་ཡོད་སྨན་པ་(དོ་བདག་གི་བདེ་འཇགས་ཆེད་མིང་བྲིས་མེད།)ཞིག་ལ་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཐད་བོད་སྨན་ག་རེ་བེད་སྤྱོད་བཏང་ཡོད་སྐོར་དྲིས་པར་ཁོང་གིས། རྩ་བའི་བོད་སྨན་ཁྲོད་གློ་ནད་དང་གློ་བའི་དབུགས་ལམ་འཚང་བར་ཕན་པའི་སྨན་མང་པོ་ཡོད་ན་ཡང་། རྒྱ་ནག་གི་འགོས་ནད་སྨན་བཅོས་ཁྲོད་བོད་སྨན་ག་རེ་བཀོལ་ཡོད་སོགས་ཀྱི་ཐད་གསལ་ཁ་མེད་མོད།  བོད་སྨན་ལས་གློ་བར་ཕན་པའི་སྨན་ཏ་ལའི་བཅུ་དྲུག་དང་ཏ་ལའི་བཅོ་བརྒྱད། ཟངས་ཐལ་ཉེར་ལྔ། གཙོ་བོ་ཉེར་ལྔ། རྒུ་འབྲུམ་བདུན་པ། འཁྲུགས་གློ་ཀུན་སེལ། གཙོ་བོ་བརྒྱད་པ་གཙོའི་གློ་བའི་སྨན་མང་པོ་ཡོད་སྐོར་བརྗོད་སོང་།

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། ཁ་བྱང་ལ་བོད་སྨན་གྱིས་ནད་ཡམས་སྨན་བཅོས་དང་སྔོན་འགོག་ཐད་ཕན་ཐོགས་བྱུང་ཡོད་པ་རེད་ཅེས་པའི་ནང་། མཚོ་སྔོན་གྱིས་ཐེངས་འདིར་བོད་སྨན་སྤྱད་ནས་ནད་ཡམས་སྨན་བཅོས་དང་སྔོན་འགོག་བྱས་ཡོད་པ་དང་། མཚོ་སྔོན་ས་གནས་བོད་སྨན་ཁང་ཞིག་གིས་འགོས་ནད་ལ་ཆེད་དམིགས་བོད་སྨན་སྡེབ་སྦྱོར་བྱས་ཏེ། ཏོག་དབྱིབས་ནད་པར་སྨན་བཅོས་དང་མི་མང་ཁྲོད་འགོས་ནད་སྔོན་འགོག་གི་སྨན་རིན་མེད་ངང་སྤྲད་ཡོད་པ་མ་ཟད། རྒྱ་ནག་ཝུ་ཧན་འགོས་ནད་ཁུལ་དུ་བོད་སྨན་འབོར་ཆེན་མཁོ་གཏོང་བྱས་ཡོད་སྐོར་སོགས་བརྗོད་འདུགགཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན། རྒྱ་ནག་གི་ཆེད་མཁས་སྨན་པ་ཁག་ཅིག་གིས་དྲ་ལམ་བརྒྱུད་ཏོག་དབྱིབས་ནད་ཡམས་སྨན་བཅོས་བྱེད་ཕྱོགས་དང་། སྨན་བེད་སྤྱོད་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་འགོས་ནད་ཆེད་མཁས་སྨན་པ་ཀྲུང་ནན་ཧྲན་གྱིས་རྒྱ་ནག་གི་སྲོལ་རྒྱུན་སྨན་རྫས་དང་བོད་སྨན་སོགས་ལ་བརྟེན་ནས་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་འགོག་བཅོས་བྱས་ཡོད་པས། རྗེས་ཕྱོགས་བོད་སྨན་དེ་བཞིན་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་ནང་ཞུགས་ཏེ་ཤུགས་རྒྱག་དགོས་པ་དང་། བོད་སྨན་དང་རྒྱ་ནག་གི་སྲོལ་རྒྱུན་སྨན་རྫས་གཉིས་ཚན་རིག་རང་བཞིན་གྱི་བརྟག་དཔྱད་ཀྱིས་ཚད་ལྡན་ཏུ་གཏོང་དགོས་པ་སོགས་བརྗོད་འདུག

ཡང་ཆེད་མཁས་སྨན་པ་དེས། རྒྱལ་སྤྱིའི་རིམས་འགོག་གནས་ཚུལ་ཛ་དྲག་ཆེ་བའི་སྐབས་འདིར། ང་ཚོས་ནད་བརྟག་སྨན་བཅོས་ཀྱི་རྒྱབ་སྐྱོར་ཁོ་ན་ཙམ་མ་ཡིན་པར་ཞིབ་འཇུག་ལས་དོན་ཡང་སྤེལ་དགོས་པས། བོད་སྨན་གྱི་ལེགས་ཆ་སྔོག་འདོན་བྱེད་པ་དང་། བོད་སྨན་གྱི་སྨན་བཅོས་ཚོགས་ཆུང་བཙུགས་ཏེ། ནད་གཞི་ཇེ་ཡང་དང་ཚ་བ་རྒྱས་པའི་དུས་ཡུན་ཇེ་ཐུང་དུ་གཏོང་ཐབས་དང་། ནད་དུག་ཇེ་ཉུང་དུ་གཏོང་ཐབས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཚུལ་བརྗོད་འདུག་ལ། ཆེད་མཁས་པ་ཀྲུང་ནན་ཧྲན་ནས་ཏོག་དབྱིབས་ནད་ཡམས་ཐད་བོད་སྨན་ལ་མི་མངོན་པའི་ནུས་པ་ལྡན་ཡོད་པས། ཁོང་ནས་ཀན་སུའུ་ཞིང་ཆེན་གྱི་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཆེད་མཁས་ཚོགས་ཆུང་དང་མཉམ་ལས་བྱེད་པ་དང་། སྨན་རྫས་ལེགས་པོ་རྙེད་ཅི་ཐུབ་བྱས་ནས་འཛམ་གླིང་ལ་ལེགས་སྐྱེས་འབུལ་འདོད་ཆེན་པོ་ཡོད་ཚུལ་བརྗོད་འདུགཡང་རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ཀྱི་དྲ་རྒྱ་ཞེས་པའི་གནས་ཚུལ་ནང་། ཐེངས་འདིར་བོད་ཁུལ་གྱི་དཀར་མཛེས་དང་རྟའུ་སོགས་ཀྱི་ཏོག་དབྱིབས་ནད་ཡམས་སྨན་བཅོས་ཁྲོད། རྒྱ་ནག་བྱང་ཕྱོགས་ཧ་ཨར་པིན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་གི་བོད་རིགས་སྨན་པ་བསོད་ནམས་ཆོས་འཕེལ་ལགས་ཀྱིས། སྨན་སྣ་སྡེབ་སྦྱོར་བྱས་ཏེ་ཏོག་དབྱིབས་ནད་པ་དྲག་སྐྱེད་ལ་ཕན་ཐོགས་བྱུང་ཡོད་པ་མ་ཟད། བོད་ལུགས་གསོ་རིག་གིས་ནད་ཡམས་འགོག་པར་གྲུབ་འབྲས་ཆེན་པོ་ཐོན་པས། དཀར་མཛེས་ཁུལ་འཕྲོད་བསྟེན་ལྷན་ཁང་གིས་འགོས་ནད་སྨན་བཅོས་སྐབས་བོད་སྨན་གྱིས་ཕན་ཐོགས་བྱུང་བ་མ་ཟད། ཏོག་དབྱིབས་ནད་པས་བོད་སྨན་བཏུང་རྗེས་གློ་བའི་ངོས་ཀྱི་(CT)ནད་རྟགས་ཇེ་ལེགས་སུ་སོང་བ་མངོན་པ་དང་། དེ་བཞིན་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྨན་ཁང་དུ་ཕྱག་ལས་གནང་མཁན་ཚོས་ཀྱང་བོད་སྨན་བཏུང་བ་ཡིན་ལ། མང་ཚོགས་ཚང་མས་ནད་ཡམས་སྔོན་འགོག་ཆེད་བོད་སྨན་འཐུང་རྒྱུར་བསྐུལ་མ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་དཀར་མཛེས་ཁུལ་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྱིས་སྲིད་གཞུང་གི་ཚབ་བྱས་ཏེ་བསོད་ནམས་ཆོས་འཕེལ་ལགས་ལ་ཐུགས་རྗེ་ཆེ་ཞུས་པར། བསོད་ནམས་ཆོས་འཕེལ་ལགས་ཀྱིས་ནད་ཡམས་སྣ་ཚོགས་ཀྱི་མདུན་དུ་བོད་ཀྱི་གསོ་བ་རིག་པའི་སྔོན་བྱོན་པ་ཚོས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་སྔོག་འདོན་དང་འདོན་སྤེལ་བྱས་ཏེ། གཞན་ཕན་གྱི་འགྲོ་དོན་བསྒྲུབ་པའི་སེམས་བསྐྱེད་དེ་ཕུལ་དུ་བྱུང་བའི་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་ལ་བརྟེན་ནས་ནད་རིགས་སྣ་ཚོགས་ལ་དཀའ་སྤྱད་ཀྱི་འཐབ་འཛིང་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་ནད་ཡམས་བཀག་སྡོམ་གྱི་རྡོ་རིང་མང་པོ་ཞིག་གསར་གཏོད་བྱས་ཡོད་པར་མ་ཟད། ནད་ཡམས་སྔོན་འགོག་དང་། ནད་པར་བརྟག་དཔྱད།  སྨན་བཅོས་སོགས་ཐད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་སྐོར་བརྗོད་འདུགམཇུག་ཏུ་བོད་རིགས་སྨན་པ་བསོད་ནམས་ཆོས་འཕེལ་ལགས་ཀྱིས། བོད་ཀྱི་ལོ་རྒྱུས་ཁྲོད་རིམས་ནད་ཁྱབ་བརྡལ་སོང་བ་ཁག་ལ་བོད་སྨན་གྱིས་ཕན་ཐོགས་བྱུང་ཡོད་པའི་ཉམས་མྱོང་འགྲེལ་བརྗོད་གནང་བ་དང་། རང་ཉིད་ཀྱིས་འོས་སྦྱོར་བྱས་པའི་བོད་སྨན་ལ་ཡིད་ཆེས་ཆེན་པོ་ཡོད་ལ། བོད་ཀྱི་གསོ་རིག་བསྟན་བཅོས་སུ་བོད་ལུགས་གསོ་རིག་དེ་ནད་ཡམས་ལས་རྣམ་པར་རྒྱལ་ཐེངས་དགུ་ཡོད་པ་ལས། ཕྱི་ལོའི་དུས་རབས་ ༡༢་ནང་གུ་གེའི་འཆི་གྲུབ་འགོག་བཅོས་ལ་བོད་ལུགས་གསོ་རིགས་ཀྱིས་སྨན་བཅོས་བྱས་ཏེ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་སྨན་སྨན་བཅོས་རུ་ཁག་ཅིག་གིས་ནག་པོ་དགུ་སྦྱོར་དང་རིན་ཆེན་མང་སྦྱོར་སོགས་བོད་སྨན་སྡེབ་སྦྱོར་བྱས་ནས་བོད་ཀྱི་སྙེ་མོ་རྫོང་ཁུལ་གྱི་ནད་ཡམས་སྨན་བཅོས་བྱས་ཡོད་པ་རེད།  གཞན་ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གི་སར་སི་(SARS)གློ་ནད་འགོས་ཁྱབ་འགྲོ་སྐབས་བོད་སྨན་གྱིས་བྱས་རྗེས་ཆེན་པོ་བཞག་སྐོར་སོགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༢༣

Leave a Reply