བལ་ཡུལ་གཞུང་གིས་ས་མཚམས་ཁག་སྒོ་བརྒྱབ།

དེ་རིང་ཕྱི་ཚེས་ ༢༣ ཉིན་ནས་བལ་ཡུལ་གཞུང་གིས་བདུན་ཕྲག་གཅིག་རིང་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཁག་སྒོ་བརྒྱབ་ནས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཏུ་འགྲོ་བར་སྔོན་འགོག་བྱེད་ཀྱི་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གི་ཁྱིམ་མཚིས་རྒྱལ་ཁབ་བལ་ཡུལ་ནང་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༢ ཉིན་བལ་ཡུལ་དབུས་གཞུང་གི་བློན་ཆེན་ལྷན་འཛོམས་ཐོག་ཆུ་ཚོད་བཞི་ཙམ་རིང་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་འགྲོ་བར་བཀག་འགོག་བྱེད་ཐབས་སྐོར་ལ་་གྲོས་བསྡུར་བྱས་མཐར། བདུན་ཕྲག་གཅིག་རིང་བོད་བལ་གཉིས་ཀྱི་ས་མཚམས་ཁག་དང་དེ་བཞིན་རྒྱ་བལ་གཉིས་ཀྱི་ས་མཚམས་ཁག་སྒོ་བརྒྱབ་པའི་ཐག་གཅོད་བྱས་འདུག

ནད་ཡམས་དེའི་ཐད་དགོས་ངེས་ཀྱི་གྲ་སྒྲིག་བྱེད་པར་བལ་སྒོར་ས་ཡ་ ༥༠༠ ཅན་གྱི་ཡིད་ཆེས་དགེ་རྩ་ཞིག་འཛུགས་རྒྱུ་དང་། དགེ་རྩ་དེར་བལ་ཡུལ་གྱི་སྲིད་བློན་དང་བློན་ཆེན་གཞན་རྣམས་ཀྱིས་ཟླ་གཅིག་རིང་གི་གླ་ཆ་སྤྲོད་རྒྱུའི་མོས་མཐུན་བྱུང་ཡོད་འདུག དེ་བཞིན་ཡུལ་དངོས་སུ་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཀྱི་ལས་དོན་བྱེད་མཁན་གྱི་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་ཞབས་ཞུ་ལ་ཆེ་བསྟོད་ཆེད་དམིགས་བསལ་གྱི་རྔན་པ་རེ་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་འདུག

བལ་ཡུལ་གཞུང་གི་ཐག་གཅོད་དེའི་ནང་། ས་མཚམས་ལྟེ་བ་ཁག་སྒོ་བརྒྱབ་རྒྱུ་བརྗོད་ཡོད་ཀྱང་། ས་མཚམས་ལྟེ་བ་ཁག་གི་གྲོང་སྡེ་རྣམས་ཀྱི་ཡུལ་མི་ཚོས་ས་མཚམས་བརྒལ་ཆོག་མིན་གསལ་མེད་པས། བལ་ཡུལ་གཞུང་གིས་རྒྱ་གར་གཞུང་དང་གོ་བསྡུར་གནང་སྟེ་ས་འབྲེལ་དུ་ཡོད་པའི་ཕྱོགས་གཉིས་ཀྱི་མངའ་སྡེ་སོ་སོའི་ཡུལ་མི་རྣམས་ས་མཚམས་བརྒལ་ནས་ཕར་འགྲོ་ཚུར་འོང་ཡང་བཀག་ཡོད་འདུག ཐག་གཅོད་དེ་དང་བསྟུན་བལ་ཡུལ་གྱི་སྲིད་བློན་ཤཱར་ཨོ་ལེ་ (KP Sharma Oli) ཡིས་བཀའ་ཁྱབ་ཞིག་བཏང་བའི་ནང། རྒྱལ་ནང་གི་ཐག་རིང་ལ་འགྲུལ་བ་སྐྱེལ་འདྲེན་ཀྱི་ཞབས་ཞུ་སྒྲུབ་མཁན་གྱི་སྤྱི་སྤྱོད་རླངས་འཁོར་རྣམས་མཚམས་འཇོག་དགོས་པ་དང་། ས་གནས་ཀྱི་སྤྱི་སྤྱོད་རླངས་འཁོར་རྣམས་མུ་མཐུད་གནས་ཀྱི་ཡོད་སྐོར་བརྗོད་འདུག

བལ་གཞུང་གི་སྙན་ཐོ་ལྟར་ན། དེ་རིང་ཉིན་གུང་ས་གནས་ཀྱི་ཆུ་ཚོད་ ༡༢ བར་དུ་མི་གྲངས་ ༥༧༢ ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་རྟག་དཔྱད་བྱས་ཡོད་པའི་ཁྲོད། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཡོང་བའི་ལོ་ ༣༡ ཅན་གྱི་སློབ་མ་སྐྱེས་པ་ཞིག་ལ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་ཏོག་དབྱིབས་ནད་པ་ཡིན་པ་གཏན་འཁེལ་བྱུང་རྗེས་ནད་རྟགས་ཅན་གཞན་གཅིག་ཀྱང་གསར་དུ་ཐོན་མེད་པ་བཀོད་འདུག་ལ། ནད་པ་གཅིག་པུ་དེའང་རིམ་པར་དྲག་སྐྱེད་བྱུང་ཡོད་པས་ད་ལྟ་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་འདུག ཡིན་ནའང་། དབྱིན་ཡུལ་ནང་ཡོད་པའི་རང་ལོ་ ༦༦ ཅན་གྱི་བལ་ཡུལ་གྱི་མི་སེར་སྐྱེས་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཏེ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན། བལ་ཡུལ་གྱི་ནད་ཡམས་རིག་པ་དང་ནད་གཞི་སྟངས་འཛིན་ཚན་པའི་ (Epidemiology and Disease Control Division) འགན་འཛིན་ཟུར་བ་བྷ་བྷོ་རཱམ་མཱ་རཱ་སི་ནི་ (Baburam Marasini) ཡིས། བལ་ཡུལ་ནང་ཏོག་དབྱིབས་ནད་ཡམས་དེ་འགོས་ཁྱབ་དུ་འགྲོ་རྒྱུར་ཧ་ཅང་ཉེན་ཁ་ཆེན་པོ་ཡོད་པ་དང་། གལ་སྲིད་ནད་ཡམས་དེ་འགོས་ཚེ་སྨན་ཁང་གི་ལམ་བར་དུ་གཞན་ལ་མི་འགོས་པ་བྱེད་པའི་ཚད་ལྡན་གྱི་མྱུར་སྐྱོབ་རླངས་འཁོར་དགོས་ནའང་། བལ་ཡུལ་ལ་དེ་འདྲའི་ཆ་རྐྱེན་ཅན་མེད་པ་དང་། སྨན་ཁང་དུ་ནད་པ་དེ་ཟུར་བཀག་གིས་སྨན་བཅོས་བྱེད་དགོས་པས་སྨན་ཁང་གང་ལའང་དེ་འདྲའི་ཆ་རྐྱེན་མེད་པ། དེ་བཞིན་ཏོག་དབྱིབས་ནད་ཡམས་ལྟ་བུ་ཞིག་ལ་མ་མཐའ་ཡང་སྲུང་སྐྱོབ་རིམ་པ་གསུམ་པ་ཅན་གྱི་རྟག་དཔྱད་ཁང་ཞིག་དགོས་ཀྱི་ཡོད་ནའང་དེའང་མེད་སྐོར་བརྗོད་ཡོད་པ་རེད། འོན་ཀྱང་ད་ལྟ་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་བལ་ཡུལ་གཞུང་ལ་ཏོག་དབྱིབས་ནད་ཡམས་འགོག་བཅོས་ལ་རོགས་བྱེད་པའི་དང་ལེན་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༢༣

Leave a Reply