རྒྱ་ནག་གི་འགོས་ནད་ལ་མིང་ག་རེ་བཏགས་ན་འགྲིག་གམ།

—–རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འགོས་ནད་ལ་བཏགས་པའི་ཐ་སྙད་ཁག་གི་བྱུང་བ་བརྗོད་པ།

 རིགས་ཀྱི་བུ།

ད་ལྟའི་ཆར་རྒྱ་ནག་གི་འགོས་ནད་དེ་རྒྱལ་སྤྱིའི་རྒྱལ་ཁབ་ ༡༠༠ ལྷག་ལ་ཁྱབ་ཟིན་པ་མ་ཟད། འཛམ་གླིང་ཡོངས་སུ་མི་གྲངས་ ༡༠༠༠༠ འདས་གྲོངས་དང་མི་ ༢༤༤༥༠༠ ལྷག་ལ་འགོས་ནད་དེ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་འགོས་ནད་དེ་ཁྱབ་བརྡལ་འགྲོ་ཆེ་བའི་འགོས་ནད་ནས་ཆེས་ཛ་དྲག་གི་འགོས་ནད་དང་། ད་ལྟའི་ཆར་འགོག་ཐབས་མེད་པའི་ཆེས་ཛ་དྲག་གི་འགོས་ནད་སོགས་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཆེད་མཁས་པ་མང་པོའི་ཚན་རིག་བརྟག་དཔྱད་ཀྱི་ཚོད་དཔག་དཔྱད་གཞི་ལྟར་ན། འགོས་ནད་དེ་འཛམ་གླིང་གི་མི་གྲངས་བརྒྱ་ཆ་ ༦༠ ལ་འགོས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གིས་ཐོག་མ་ནས་འགོས་ནད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱི་གསལ་ནང་གསལ་བྱས་མེད་པ་མ་ཟད། འགོས་ནད་མིང་འདོགས་སྟངས་ཐད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་གནོན་ཤུགས་ཆེས་ཆེར་སྤྲད་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཀྱང་འགོས་ནད་ཁྱབ་རྗེས་ཀྱི་ཉིན་མང་པོའི་རིང་འགོས་ནད་ལ་མིང་འདོགས་མ་ཐུབ་པར་ལྷག་ཡོད་ན་ཡང་། རྗེས་སུ་འགོས་ནད་མིང་ལ་(covid 19)ཞེས་འགྲེལ་མེད་གཞན་ཞིག་བཏགས་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གཡོ་བྱུས་འོག་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགོས་ནད་དེ་རྒྱ་ནག་ནས་ཡིན་ཞེས་བཤད་མི་ཆོག་པ་དང་། རྒྱ་ནག་ཝུ་ཧན་སོགས་རྒྱལ་ཁབ་དང་ས་ཆ་འགོས་ནད་མགོར་འདོགས་མི་ཆོག་པའི་རྣམ་འགྱུར་ཤུགས་ཆེར་སྟོན་བཞིན་ཡོད་པ་རེད།

དེ་ལྟར་ན་ཡང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གི་བཙན་ཤེད་དང་ཆབ་སྲིད་ཀྱི་རྒྱ་སྐྱེད་རིང་ལུགས་ལ་འགོག་རྒོལ་དང་། མི་དགའ་བའི་རྣམ་འགྱུར་སྟོན་ཆེད་རྒྱ་ནག་གི་འགོས་ནད་ལ་མིང་སྣ་ཚོགས་འདོགས་བཞིན་པ་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ཆབ་སྲིད་པ་དང་མི་སེར་མང་པོས་རྒྱ་ནག་གཞུང་གིས་འགོས་ནད་དེ་འཛམ་གླིང་ནང་ཁྱབ་བཅུག་པར་དགོངས་དག་དང་གུན་གསབ་སྤྲོད་དགོས་པའི་ཉེས་འཛུགས་དང་། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་རྒྱ་ནག་གཞུང་ཁྲིམས་གཏུགས་སོགས་ཀྱི་ལས་འགུལ་སྤེལ་མཁན་འབྱུང་བཞིན་ཡོད་པ་རེད། རྒྱ་ནག་གི་འགོས་ནད་ལ་མིང་སྣ་ཚོགས་བཏགས་པའི་ཁྲོད། རྒྱ་ནད་(Chinese Virus)། ཡང་ན་རྒྱ་ནག་གི་འགོས་ནད།  ཏང་ནད་(CCP Virus)།  ཡང་ན་གུང་ཁྲན་ཏང་ནད། རྒྱ་ནག་གི་སྐྱེ་དངོས་མཚོན་ཆ། ཡང་ན་མིས་བཟོས་ནད་དུག(Chinese bioweapon) ཨེ་ཤ་ཡའི་ནད་རོའི་ནད་དུག(Sick man of Asia virus) ཞི་ཅིན་ཕིན་འགོས་ནད་ (Xi Jinping virus) སོགས་བཏགས་ཡོད་པ་དང་།  གཤམ་དུ་ང་ཚོས་ཐ་སྙད་འདི་དག་ག་འདྲ་བྱུང་བ་ཡིན་པའི་སྐོར་ནས་ཅུང་ཙམ་བརྗོད་ན།

འགོས་ནད་ཀྱི་མིང་དང་པོ་རྒྱ་ནད་ཞེས་པ་ཨ་རིའི་སྲིད་འཛིན་ཊུ་རིམ་པས་བཏགས་པ་དང་། དེ་ནི་རྒྱ་ནག་གཞུང་གིས་འགོས་ནད་དེ་ཨ་རིའི་དམག་གཞུང་གིས་ཝུ་ཧན་ལ་བཏང་བ་ཡིན་སྐོར་བརྗོད་པར་ཡ་ལན་ཚུལ་དུ་ཡིན་པ་དང་། གནད་དོན་འདིའི་ཐད་རྒྱ་ནག་གཞུང་གིས་ཐེངས་མང་ལ་ཨ་རིར་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་ན་ཡང་། ཊུ་རིམ་པས་དེ་ནི་རྒྱ་ནག་ལ་ངན་སྨྲས་བྱས་པ་མ་ཡིན་པར་འགོས་ནད་དེ་རྒྱ་ནག་ནས་བྱུང་བས་དེ་ལྟར་བཏགས་པ་ཡིན་སྐོར་བརྗོད་ཡོད་པ་རེད། མིང་གཉིས་པ་ཏང་ནད་ཞེས་པ་ཐོག་མར་རྒྱལ་སྤྱིའི་གསར་ལམ་ཆེ་གྲས་ཨེ་པོག་དུས་བབ་(The epoch times) རྩོམ་སྒྲིག་པས་བཏགས་པ་མ་ཟད། མིང་དེ་ཀུན་གྱིས་བེད་སྤྱོད་གཏོང་དགོས་པའི་སྐུལ་མ་བཏང་ཡོད་པས།  ད་ལྟའི་ཆར་གསར་ཁང་དེས་མིང་འདི་ཡོངས་ཁྱབ་ངང་སྤྱོད་བཞིན་ཡོད་པ་རེད།

གཞན་རྒྱ་ནག་གི་སྐྱེ་དངོས་མཚོན་ཆ་ཞེས་པའི་མིང་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གིས་རང་གི་མི་འབོར་ཇེ་ཉུང་དུ་གཏོང་ཆེད་བཟོས་པའི་མཚོན་ཆ་ཡིན་པའི་དོགས་གཞིའི་འོག་བཏགས་པ་དང་། ཡང་ན་ཕྱི་ལོ་ ༡༩༨༡ ལོར་ཨ་རིའི་རྩོམ་པ་པོ་ཌེན་(Dean Koontz)གྱི་བརྩམས་སྒྲུང་གྲགས་ཅན་མུན་ནག་གི་མིག་(Eyes of Darkness)ཅེས་པའི་ནང་དུ། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནང་རྒྱ་ནག་གི་རིགས་རྒྱུན་ཚན་རྩལ་ཞིབ་འཇུག་ལྟེ་གནས་ཁང་ཞིག་གིས་སྐྱེ་དངོས་མཚོན་ཆ་(Bioweapon)བཟོ་སྐྲུན་བྱེད་རྒྱུ་ཡིན་པ་གསལ་བས་མིང་དེ་བཏགས་པ་དང་། དེ་བཞིན་རྒྱ་ནག་རང་གིས་ཆེད་དམིགས་རྩ་འཛུགས་བྱས་པའི་ཞིབ་འཇུག་ཚོགས་པ་ཞིག་གིས། རྒྱ་ནག་གི་འགོས་ནད་དེ་ཝུ་ཧན་གྱི་སྐྱེ་དངོས་བརྟག་དཔྱད་ཁང་ཞིག་ནས་ཤོར་ཡོད་པའི་ཉམས་ཞིབ་གྲུབ་དོན་བཏོན་ཡོད་པ་སོགས་ཀྱིས་མིང་དེ་ལྟར་བཏགས་པ་རེད།

ཨེ་ཤ་ཡའི་ནད་རོའི་ནད་དུག་ནི་ཨ་རིའི་གསར་ཁང་གྲགས་ཅན་(WSJ)གསར་འགོས་པས་ཁ་བྱང་ལ་རྒྱ་ནག་ནི་དངོས་ནས་ཨེ་ཤ་ཡའི་ནད་རོ་རེད་ཅེས་པའི་དཔྱད་བརྗོད་རྩོམ་ཡིག་ཅིག་སྤེལ་རྗེས་མིང་དེ་བྱུང་བ་དང་། རྩོམ་ཡིག་དེ་རྐྱེན་བྱས་ཏེ་རྒྱ་ནག་གཞུང་གིས་གསར་ཁང་དེའི་གསར་འགོད་པ་གཉིས་རྒྱ་ནག་ནས་ཕྱིར་ཕུད་བཏང་ཡོད་པ་རེད། གཞན་ཞི་ཅིན་ཕིན་ནད་དུག་ནི་མང་ཆེ་བ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་དང་ཞི་ཅིན་ཕིན་གྱི་སྒེར་གཅོད་སྲིད་དབང་ལ་མི་དགའ་མཁན་ཚོས་བཏགས་པ་དང་། རྒྱ་ནག་གཞུང་གིས་མིང་དང་ཐ་སྙད་འདི་དག་ལ་མངོན་ལྐོག་གཉིས་ནས་ཕར་རྒོལ་དང་། མཐའ་ན་རྒྱ་ནག་རང་གི་ཆེད་མཁས་པ་ཚོ་སྐོང་ནས་བགྲོ་གླེང་ཚོགས་པ་སོགས་བྱས་ཏེ། འགོས་ནད་དེ་རྒྱ་ནག་དང་ཝུ་ཧན་ལ་འབྲེལ་བ་མེད་པ་སྒྲུབ་ཐབས་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གི་འགོས་ནད་ཁྱབ་པ་དང་བསྟུན་འཛམ་གླིང་སྐད་རིགས་སོ་སོའི་ནང་འགོས་ནད་འདིར་རང་སྐད་ཀྱི་ལམ་ནས་མིང་འདོགས་བཞིན་ཡོད་པ་ལྟར། བོད་ནང་གི་བོད་མི་ཚོས་ཏོག་དབྱིབས་དང་ཕྲོག་དབྱིབས་སོགས་འབོད་བཞིན་ཡོད་པ་མ་ཟད། ཚིག་མཛོད་ཁག་ཏུ་དེ་ལྟར་བྲིས་ཡོད་སྐོར་སོགས་མང་པོ་ཞིག་རྗོད་བཞིན་ཡོད་ཀྱང་། སྤྱིའི་ཆ་ནས་འགོས་ནད་འདིར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཀྱང་གཏན་འཁེལ་བ་ཞིག་ད་དུང་འདོགས་ཐུབ་མེད་སྟབས། བོད་མི་ཚོས་རྒྱ་ནག་གཞུང་གིས་ག་རེ་བཤད་པ་བཞིན་མིན་པར་མིང་ག་འདྲ་ཞིག་འདོགས་མིན་ལ་བསམ་བློ་གཏོང་དགོས་པ་དང་། ལྷག་པར་དེང་སང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་དྲག་གནོན་སྲིད་བྱུས་ལ་ཆེད་བཀོལ་ཐ་སྙད་མང་པོ་གསར་བཟོ་བྱས་ཏེ། བོད་ཀྱི་དོན་དངོས་གནད་དོན་སྦས་ཐབས་བྱེད་བཞིན་པ་སོགས་རྒྱ་ནག་གཞུང་གི་ཆབ་སྲིད་གཡོ་བྱུས་ཧ་གོ་བའི་ཐོག་ནས་མིང་ཞིག་འདོགས་དགོས་རྒྱུ་གལ་གནད་ཆགས་ཡོད།

མཇུག་ཏུ་གསལ་བོ་ངེས་དགོས་པ་ཞིག་ལ་རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་མི་མང་ལ་འགོས་ནད་དེའི་སྐོར་ཕྱི་གསལ་ནང་གསལ་བྱས་མེད་པ་མ་ཟད། ཐོག་མར་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ནང་འགོས་ནད་ཐོག་མར་ཁྱབ་སྐབས་ནས་སྦས་གསང་དང་ཕྱིར་བསྒྲགས་བྱེད་མཁན་གྱི་གསར་འགོད་པ་དང་སྨན་པ་སོགས་འཛིན་བཟུང་བྱས་པ་དང་། གནས་ཚུལ་བསྒྲགས་མི་ཆོག་པའི་ཉེན་བརྡ་བཏང་སྟེ། འགོས་ནད་ཁྱབ་རྗེས་ཉིན་གྲངས་ ༡༠ ལྷག་ལ་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ལ་ནད་དུག་དེ་འགོས་ནད་ཡིན་པ་ཡོངས་བསྒྲགས་བྱས་མེད་པ་རེད།

ད་ལྟའི་ཆར་ཡང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གཡོ་བྱུས་འོག་འཛམ་གླིང་མི་མང་ལ་རྒྱ་ནག་གི་ནད་པའི་ཁ་གྲངས་དངོས་ཡོད་ཇི་བཞིན་བཤད་ཀྱི་མེད་པ་མ་ཟད། རྒྱ་ནག་ནང་འགོས་ནད་དམག་འཐབ་ལ་རྒྱལ་ཁ་ཐོབ་ཡོད་པ་སོགས་གཞུང་འབྲེལ་གསར་ལམ་ཁག་བརྒྱུད་ཤུགས་ཆེར་བསྒྲགས་བཞིན་པ་དང་། འགོས་ནད་དེ་རྒྱ་ནག་གིས་འཛམ་གླིང་ལ་ཁྱབ་བཅུག་པ་ཤུགས་ཆེན་པོས་སྦས་ཐབས་བྱེད་བཞིན་པ་མ་ཟད། རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཟེར་བས་ནམ་རྒྱུན་གསར་འགོད་གསལ་བསྒྲགས་དང་བསྟུན་འགོས་ནད་ལ་རྒྱལ་ཁ་ཐོབ་ཀྱང་། འགོས་ནད་ལ་རྐྱེན་བྱས་ཏེ་རྒྱ་ནག་ལ་ངན་སྨྲས་བྱེད་མཁན་ཚོར་ཕལ་རྒོལ་བྱེད་རྒྱུར་གྲ་སྒྲིག་ཡོད་སྐོར་བསྒྲགས་བཞིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༢༠/༠༣/༢༣

Leave a Reply

One thought on “རྒྱ་ནག་གི་འགོས་ནད་ལ་མིང་ག་རེ་བཏགས་ན་འགྲིག་གམ།

  1. མུར། འབར་སྒྲོན།

    ནད་འདིའི་མིང་ལ་(CCP Virus) བཏགས་ན་མིང་དོན་མཚུངས་པས་མིང་ཐོས་པ་ཙམ་གྱིས་ནད་འདིའི་སྐོར་གྱི་མ་རྟོགས་ལོག་རྟོགས་སེལ་ནུས་པ་དང་། འདྲ་འབྲེལ་གྱི་རྒྱུ་མཚན་ཡོད་པས་ཐ་སྙད་རིག་པ་དང་མི་འགལ་བ། གདམ་ངག་མཚང་ལ་རྒོལ་ན་མ་འོང་པ་དེ་འདྲའི་ཉེན་ཁ་མི་འབྱུང་བའི་འགོག་སྨན་ལྟ་བུ་ཡིན་པས་ན། དུས་གསུམ་ཀུན་ཏུ་བླང་དོར་ལམ་སྟོན་གྱི་མིང་དོན་ཅན་ཞིག་མ་ཡིན་ནམ། །