གློ་ནད་འདི་དངོས་གནས་ཚབས་ཆེན་རེད།

རྔ་བ་རྒྱལ་ཁམས་པ།

ད་ལྟའི་གློ་ནད་དེ་དངོས་གནས་ཚབས་ཆེན་ཞིག་རེད། མེ་ཆུང་དུས་བསད། ཆུ་ཆུང་དུས་བཀག ཅེས་པ་ལྟར། ཝོས་ཧན་སྨན་ཁང་རང་ནས་དོན་རྐྱེན་དེ་ཤེས་རྟོགས་བྱུང་འཕྲལ་དོ་སྣང་སྟངས་འཛིན་ཞིག་བྱས་ཡོད་ཚེ་རྒྱལ་སྤྱི་རང་བཞིན་གྱི་གོད་ཆག་འདི་འདྲ་ཞིག་ཕལ་ཆེར་བྱུང་ཡོད་རྒྱུ་མ་རེད་འདོད།  ད་ནི་རི་ལ་མེ་ཤོར་བ་ལྟར་སའི་གོ་ལའི་ཕྱོགས་སོ་སོར་ནད་དུག་འདིས་ཁྱབ་སྟེ། མི་འབོར་ཐེར་འབུམ་ལྷག་བཟང་བཙོན་ལྟ་བུར་བཅུག་ཡོད་ངེས། ཧོབ་དེ་བལྟས་ན་ནད་དུག་འདིས། འཛམ་གླིང་གི་འཁོར་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་བཞི་ཐེབས་སྲིད་པར་སྙམ།

གཅིག

ནམ་རྒྱུན་རྒྱ་ནག་གིས་ཨ་རིའི་ཚན་རྩལ་དང་། ཐོན་དངོས་བདག་དབང་། ཚོང་རིག་འཆར་འགོད་ཀྱི་རྣམ་གྲངས་མང་བོ་ཞིག་རྐུ་འཁྱེར་གྱིས་སྤྱོད་ངན་སྐྱག་ལང་དུ་ཤོར་ཡོད་ཀྱང་།  དགྲ་ནོར་ཁྲོམ་གྱིས་ཨ་རིའི་སྲིད་འཛིན་གྱི་འགན་བླངས་པ་ནས།  ཁོང་གིས་ཨ་རི་ཐོག་མར་འཇོག་པའི་ལང་ཕྱོགས་ལྟར། རྒྱ་ནག་གི་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ལ་འཛུབ་མོ་གདོང་འཛུགས་ཀྱིས་ནག་ཉེས་ཐེར་འདོན་གྱི་ཆུ་ལོག་ཆེན་པོ་ཞིག་བཏང་སྟེ། རྒྱ་ནག་གི་བཅོས་མའི་ཨབ་ར་རྫུན་གྱི་ས་ཕུག་ནག་པོར་གབ་མ་ཚུགས་པར་རང་མདོག་སྔོ་ཐེར་རེ་ས་སྟེང་དུ་ཐོན་ནས་འཛམ་གླིང་ལ་ལྟད་མོར་བསྟན་ཡོད། དེ་ནས་བཟུང་རྒྱལ་ཁབ་གཉིས་ཕན་ཚུན་འགྲིག་མི་འགྲིག་གི་གྱོད་ཚུགས་བཟུང་སྟེ། མཚོན་ཆ་མི་དགོས་པའི་ཚོང་དམག་ཛ་དྲག་པོ་ཞིག་འགྲོ་བཞིན་པའི་དུས་སྐབས་ཤིག་ཏུ། མ་དྲན་པ་ཞིག་ལ། གློ་བུར་རྒྱ་ནད་འཇིགས་སུ་རུང་བ་ཞིག་གིས་སླར་ཡང་སའི་གོ་ལ་ཧྲིལ་བོ་དཀའ་སྡུག་གི་གནས་སུ་དེད། འཛམ་གླིང་གི་ཐོན་རྫས་བརྒྱ་ཆའི་ལྔ་བཅུ་རྒྱ་ནག་གཅིག་པོས་བཟོ་སྐྲུན་བྱེད་ཀྱིན་ཡོད། དེ་ལ་བརྟེན་ནས་ད་ལམ་གྱི་ནད་དུག་ལྟ་བུའི་ནད་ཡམས་ཚབས་ཆེན་གློ་བུར་དུ་བྱུང་སྐབས། སྔོན་འགོག་དང་། སྨན་བཅོས། སྨན་བཅོས་ཡོ་སྤྱད། གཙང་སྤྲའི་དངོས་ཟོག་སོགས། རྒྱ་བཟོས་ཐོན་རྫས་མང་བོ་ཞིག་གི་ཡོང་ཁུངས་དབང་མེད་དུ་འགག་པས། ཨ་རིས་གཙོས་རྒྱ་ཟོག་ཉོ་མཁན་གྱི་རྒྱལ་ཁབ་མང་བོ་ཞིག་ལ་འཕྲལ་སེལ་ནད་འགོག་མཐུན་རྐྱེན་གྱིས་མ་ལྡང་བའི་དཀའ་ངལ་འབྱུང་བཞིན་ཡོད། དེར་བརྟེན། རྒྱལ་ཁབ་དེ་དག་ལ་བཟོ་གསོའི་ཐོན་རྫས་རྣམས་རྒྱལ་ཁབ་གཅིག་གི་རྒྱལ་ཁོངས་སུ་བཞག་ན་ཉེན་ཁ་ཤིན་ཏུ་ཆེ་བའི་བསླབ་བྱ་ཚ་བོ་ཞིག་ཚོར་ཐུབ་པ་བྱུང་ཡོད། ཉམས་མྱོང་འདིས་ཉེ་ཆར་རྒྱ་ནག་ནས་ཕྱི་ལ་སྤོ་བཞིན་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་ཁག་ལ་དངོས་འབྲེལ་བདེན་དཔང་རྒྱབ་སྐྱོར་དང་། རིང་མིན་ཕྱི་ལ་སྤོ་འཆར་ཡོད་པའི་བཟོ་ཚོང་ཁང་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་མྱུར་དུ་རྒྱ་ནག་ནས་ཐོན་པའི་ལས་ཤུགས་ཇེ་མྱུར་དུ་འགྲོ་ངེས་རེད།  དེས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་རྨི་ལམ་མངར་མོ་དེ་རུལ་དྲི་འཐིབ་པའི་བར་སྲིད་ཅིག་ཏུ་བརྫང་ངེས་ཡིན་པར་ཚོད་དཔག་བྱེད་ཆོག་པ་ཡིན།

གཉིས།

ད་ལྟའི་ཡར་ཐོན་གྱི་རྒྱལ་ཁབ་ཕལ་ཆེར་ཞིག་ལུས་སེམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་སྔར་ལྷག་ཆེ་རུ་འགྲོ་བཞིན་ཡོད། རྫས་སྦྱོར་འདྲེས་པའི་བཟའ་བཏུང་མང་དྲགས་ན་གཟུགས་པོ་ལ་མི་བཟང་བ་ཧ་གོ་མཁན་ཇེ་མང་རེད། དེ་བཞིན་སྲོག་ལྡན་གྱི་རང་དབང་སྲུང་སྐྱོབ་དང་། ཤ་ཁྲག་ཟས་སུ་སྤྱོད་ན་སྙིང་རྗེའི་ཀུན་སྤྱོད་དང་འགལ་བའི་ལྟ་ཚུལ་འཛིན་མཁན་ཡང་མང་ནས་མང་དུ་འགྲོ་བཞིན་འདུག དོན་དངོས་སུ་དེ་ལྟར་ཡིན་མིན་གང་ལྟར་ཡང་། ད་ལྟའི་རྒྱ་དུག་གི་འབྱུང་ཁུངས་ཕ་ཝང་སོགས་དུད་འགྲོ་སེམས་ཅན་གྱི་ཐོག་བཞག་ཡོད། དེ་ནི་སྲོག་ཆགས་དུད་འགྲོ་ཚོར་ལྟོས་ན་ཤིན་ཏུ་ཕན་ཐོགས་ཆེ་བའི་གཏམ་བཟང་ཞིག་སྟེ། རྒྱ་རིགས་དུད་འགྲོ་ཡོད་ཚད་ཟ་མཁན་གྱིས་གཙོས། ཀླ་ཀློའི་ཀུན་སྤྱོད་ཁུར་བའི་མི་མང་བོ་ཞིག་གིས་སྲོག་ཆགས་སྣ་ཚོགས་བཟའ་བའི་གོམས་གཤིས་ངན་པ་དེར་འགྱུར་ལྡོག་ཅུང་འགྲོ་ངེས་རེད་ལ། རྒྱ་གཞུང་གིས་ཀྱང་དེའི་ཐད་ཐབས་ཤེས་ཤིག་འཐེན་གྱིན་ཡོད་ཚོད་རེད།

གསུམ།

ཉེ་བའི་ཆར་ཨ་རིའི་སྲིད་འཛིན་གྱིས “རྒྱ་ནད”ཅེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྒྲོག་བཞིན་ཡོད།  དེ་ནི་ཕ་རོལ་བོའི་མ་ཉེས་ཁ་ཡོག་ལ་རྒོལ་གཏམ་བཏང་བ་ཞིག་ཡིན་མོད།  སྲིད་འཛིན་གྱི་གཏམ་བཤད་དེ་ལ་བརྟེན་ནས་རྒྱ་འབྲེལ་ཡོད་མེད་ཀྱི་ཤར་ཕྱོགས་པ་མང་བོ་ཞིག་ལ་དཀའ་ངལ་བཟོ་བཞིན་ཡོད། ཉེ་དུས་འདིར་ཡོ་རོབ་དང་། ཨ་རིའི་ཡུལ་དུ་དོན་དངོས་ཐོག་རྒྱ་རིགས་ཡིན་མིན་ལ་མ་བརྟགས་པར་ངོ་གདོང་རྒྱ་སེར་དང་འདྲ་བའི་མི་རྣམས་ཟ་ཁང་དུ་ཕྱིན་ཚེ་བསྡོད་གནས་ལོགས་སུ་བཀར་བ་དང་། འགྲུམ་འགྲུལ་བྱེད་སྐབས་མཆུ་ཞགས་འཕངས་ཏེ་མཐོང་ཆུང་བྱེད་པ། “ཁོ་རོ་ན”ཞེས་མིང་གིས་བོས་ཏེ་བཙོག་ལྟ་མཁན་ཡང་འགའ་རེ་འབྱུང་བཞིན་ཡོད།  གནད་དོན་འདི་ད་ལྟ་ཤུགས་ཆེན་པོ་ཞིག་མིན་ནའང་། རྒྱ་གཞུང་གིས་གོ་སྐབས་དེ་དམ་འཛིན་བྱས་ཏེ་རང་གི་རྐུབ་སྟེགས་སྲུང་ཐབས་ལ་ཨུ་ཚུགས་རྒྱག་སྲིད། ཉེ་ཆར་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་ཀྱིས། གལ་སྲིད་ཁྱོད་ཚོས་རྒྱ་ནག་གི་ཅ་དངོས་ལ་བཙོག་ལྟ་ན། རྒྱ་ནག་གིས་བཟོས་པའི་ཅ་དངོས་རྣམས་མ་སྤྱོད་ཅེས་ཁེངས་གཏམ་བཤད་ཡོད། ནུབ་ཕྱོགས་པས་མ་བརྟག་མ་དཔྱད་པར་རྒྱུག་པ་ལེབ་འདུར་གྱིས་ཤར་པའི་ངོ་གདོང་ཡིན་ཚད་ལ་ལྟ་ཚུལ་འདི་འདྲ་འཛིན་པ་ཤུགས་ཆེར་ཕྱིན་ཚེ། གནས་ཚུལ་དེ་ཤར་ནུབ་བར་གྱི་འགལ་ཟླ་ཆེན་པོ་ཞིག་ཏུ་འགྱུར་སྲིད་པ་རེད།

བཞི།

ནད་དུག་འདིས་འཛམ་གླིང་གི་མི་རྒྱུ་གཉིས་ཀར་སྔར་བྱུང་མྱོང་མེད་པའི་གོད་ཆགས་ཆེན་པོ་བཟོས་ཡོད། `འདི་ལ་མཚོན་ཆ་ཐོགས་ནས་དྲག་པོས་རྒོལ་ལན་གཏོང་ས་དང་། ཐལ་མོ་སྦྱར་ནས་ཞི་བའི་གྲོས་མོལ་འགྲོ་ཡུལ་ཡང་མེད་པས།  ཨ་རིར་མཚོན་ན༩/༡༡གི་དྲག་སྤྱོད་པས་བསླངས་པའི་གོད་ཆག་དང་། ༢༠༠༨ལོའི་དཔལ་འབྱོར་གྱི་ལྷུང་འབབ་ལས་ཀྱང་ད་ལན་གྱི་གནས་ཚུལ་འདི་ཚབས་ཆེན་པོར་གྱུར་ཡོད། སྤྱིར་བཏང་སྲིད་འཛིན་ཁྲོམ་གྱི་ཁ་འགྱུར་གཏམ་བཤད་རེ་རེའི་ནང་ཨ་རིའི་དཔལ་འབྱོར་ཁྲོམ་རའི་རིན་ཐང་རླུང་གིས་བསྐྱོད་པའི་ན་བུན་ལྟར་ཡར་འཕར་མར་ལྷུང་བྱེད་པས་དེ་ཙམ་ཡིད་རྟོན་བྱ་ཐུབ་པ་ཞིག་མིན་ཀྱང་། ད་ལན་ནད་ཡམས་འདི་སླེབས་ནས་ཏག་ཏག་ཉིན་གྲངས་ཁ་ཤས་ཀྱི་ནང་། ཟ་ཁང་དང་། ཚོང་ཁང་། འགྲིམ་འགྲུལ་སོགས་ཀྱི་ལས་ཤོར་གྲངས་འབོར་ཇེ་མཐོ་དང་།  དཔལ་འབྱོར་མ་རྐང་ཁྲོམ་རའི་རིན་ཐང་མར་ཟག་པ། ཨ་རི་གཞུང་གིས་རྒུད་སྐྱོབ་འགྲོ་གྲོན་འཆར་གཞི་བཅས་ལ་བལྟས་ན། ཨ་སྒོར་ཁྲག་ཁྲིག་ཁ་ཤས་ཀྱི་འགྲོ་སོང་གཏོང་དགོས་པ་འདྲ་བས། དཔལ་འབྱོར་གྱི་ཡོང་སྒོ་དེ་འདྲ་ཞིག་ཇི་ལྟར་ཡོང་གི་ཡོད་མེད་དང་། ལས་ཤོར་མི་སྣ་ས་ཡ་ཁ་ཤས་སུ་སླེབས་སྲིད་སྐོར་ཚོད་དཔག་གཏོང་གི་ཡོད་པ་ལྟར་མི་རྒྱུ་གཉིས་ཐད་ནས་གོད་ཆག་ལྷུང་འབབ་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པར་སྨོས་མེད་རེད། ནད་སོས་ཀྱི་སྨན་དང་ནད་འགོག་གི་ཁབ་གཉིས་བཟོ་མ་ཐུབ་པར་དུ་དཀའ་ངལ་འདི་སེལ་བའི་ཐབས་ལམ་བཟང་ཤོས་ནི། ནད་དུག་འཚོ་ཡུན་གྱི་དུས་ཚོད་མ་རྫོགས་པར་དུ་མི་རེ་ངོ་རེ་ནས་འགན་ཁུར་བླངས་ཏེ། ཚུལ་དང་མཐུན་པར་འཕྲོད་བསྟེན་གྱི་སྒྲིག་ལམ་ཡག་པོ་བསྲུང་བ་དང་། མི་ཚོགས་འདུ་འཛོམས་ལས་རྒྱང་རིང་དུ་བཀྱེད་དེ་ཁྱིམ་ནང་དུ་འཕྲལ་སེལ་ཉེན་ཡོལ་ལ་བསྡད་ནས་ནད་པའི་འཕེལ་ཚད་ལ་སྟངས་འཛིན་ཐོག་ནད་ དུག་རང་ཤི་རྒྱག་འཇུག་རྒྱུ་དེ་རེད།  འདི་ལ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ་སོགས་ཀྱི་བྱེ་བྲག་མེད་པར་དམིགས་བསལ་ཛ་དྲག་གི་ཁྲིམས་ལུགས་བསྡམས་ཏེ་སྟངས་འཛིན་ནན་པོ་ཞིག་བྱེད་མ་ཐུབ་ཚེ། ནད་མཇུག་བསྡུ་བ་ལ་དུས་ཚོད་རྒྱུན་རིང་བོ་ཞིག་འགོར་སྲིད།  ཅི་ཙམ་ནད་དུག་འགོག་ཡུན་འགོར་ན་དེ་ཙམ་གྱིས་སྤྱི་སྒེར་གཉིས་ཀར་གྱོང་ཁ་ཆེ་བ་ཡིན། ཨ་རི་ནི་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་ལྟེ་བ་ཡིན་པས། འདི་ལ་ལྷུང་འབབ་དེ་འདྲ་ཞིག་བྱུང་ན་མཚོ་མ་བརྟན་ན་ཉ་མི་བདེ་བའི་དཔེ་ལྟར། རྒྱལ་སྤྱི་དང་། བྱེ་བྲག་ཨ་རིའི་རོགས་སྐྱོར་ལ་ལྟོས་པའི་ཚོགས་སྡེ་མང་བོར་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་ཡིན་པར་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན།

བསྐྱར་བཅོས།: ༢༠༢༠/༠༣/༢༣

Leave a Reply

One thought on “གློ་ནད་འདི་དངོས་གནས་ཚབས་ཆེན་རེད།

  1. རྫ་ཚེ་རིང་བཀྲ་ཤིས།

    ཚང་མ་བཀླགས་ཡིན། ཡག་པོ་བྱུང་། ཨ་རི་ཨང་དང་པོར་འཇོག་པར་ཐོག་མར་འཇོག་པ་ཞེས་པ་ནི་མཉམ་མ་བཞག་པའི་བྲིས་ནོར་ཅུང་ཚབས་ཆེན་ཞིག་རེད། དེ་བཞིན་མཆིལ་ཞགས་ལ་མཆུ་ཞགས་བྲིས་པ་ནི་སྤྱིར་བཏང་གི་ཡིག་ནོར་ཞིག་ཏུ་མཐོང་། གཞན་ཞུ་དགོས་མ་མཆིས།