ཡང་བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོཊ་པ་ཟེར་བ་ཞིག་བོད་ལ་བཏང་།

རྒྱ་ནག་གཞུང་གིས་བོད་ལ་སྔར་ལས་དམ་དྲག་བཙན་བཟུང་བྱེད་ཆེད་བོད་སྐྱོར་དཔལ་འབྱོར་ཁ་གཏད་ཚོགས་པ་དང་བོད་སྐྱོར་གནའ་རྫས་རྟོག་ཞིབ་ཚོགས་པ། བོད་སྐྱོར་ཆབ་སྲིད་ཚོགས་པ་ཟེར་བ་སོགས་བོད་ལ་གཏོང་གི་ཡོད་པ་ལྟར་ཡང་བོད་སྐྱོར་ཁྲིམས་རྩོད་ཚོགས་པ་ཟེར་བ་ཞིག་བཏང་འདུགཟླ་འདིའི་ཕྱི་ཚེས་ ༢༣ ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ས་ཁུལ་མང་པོའི་ནང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནས་བཏང་བའི་པེ་ཅིན་བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་ཟེར་བ་དེ་བསྐྱར་དུ་བཏང་ཡོད་པ་དང་། ཁྲིམས་རྩོད་པ་ཟེར་བ་དེ་དག་ནི་རྒྱ་ནག་གཞུང་གིས་ཆེད་འཛུགས་ཀྱིས་གཅིག་སྣོན་པ་གཅིག་ཞེས་པའི་ལས་འཆར་འོག བོད་ཁུལ་གྱི་ཁྲིམས་རྩོད་པ་མེད་པའི་ས་ཁུལ་དུ་ཁྲིམས་ལུགས་རོགས་སྐྱོར་ལ་བཏང་བ་ཡིན་ཞེས་མི་མང་ལ་རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་མཁན་གྱི་ཁྲིམས་རྩོད་པའི་ཚོགས་པ་ཞིག་ཡིན་འདུག

དེ་འབྲེལ་གྱི་གཞུང་གི་གནས་ཚུལ་ནང་། ཐེངས་འདིར་རྒྱ་ནག་གི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་ ༢༢ ནས་ཁྲིམས་རྩོད་པ་ ༦༨ ལྷག་བོད་ལ་བཏང་ཡོད་པ་དང་། དེ་དག་གི་ཁྲོད་ནས་ཁྲིམས་རྩོད་པ་ ༡༣ ཆེད་དམིགས་པེ་ཅིན་གྲོང་ཁྱེར་ནས་བོད་ལ་བཏང་ཡོད་དང་། བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་ནི་བོད་སྐྱོར་ལས་དོན་ཁྲོད་ཀྱི་དམིགས་བསལ་བའི་དཔུང་ཁག་ཅིག་ཡིན་པ་དང་། ཁོ་ཚོ་བོད་དུ་སོང་ནས་དཀའ་ངལ་ཡོད་པའི་ཚོགས་པར་ཁྲིམས་ལུགས་ཐད་ནས་གྱོད་དོན་སྒྲུབ་རོགས་བྱེད་པ་དང་ཁྲིམས་ལུགས་ཀྱི་ཡིག་ཆ་འབྲི་རོགས་བྱས་ཏེ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་སྐོར་སོགས་བསྒྲགས་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ནས་མགོ་ཚུགས་ཏེ་པེ་ཅིན་བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་ཟེར་བ་རིམ་བསྟུད་བོད་ལ་བཏང་ཡོད་པ་དང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཆེད་བཏང་བའི་མི་དེ་དག་བོད་དུ་ཡོང་རྗེས་ཕྱིར་མི་ལོག་པར་རོགས་སྐྱོར་གྱི་མིང་ཐོག་ནས་བོད་དུ་བསྡད་དེ། ལས་འགུལ་འདྲ་མིན་ནང་ཆ་ཤས་བླངས་ནས་བོད་མི་ཚོར་རྒྱ་ནག་གཞུང་གི་སློབ་གསོ་སྤྲོད་ཐབས་དང་། ལས་རིགས་ཁག་གི་ཆབ་སྲིད་ལས་དོན་ནང་རྒྱ་ནག་གིས་དྲིལ་བསྒྲགས་བསམ་བློའི་སློབ་སྟོན་སོགས་བྱེད་བཞིན་ཡོད་འདུག

སྤྱིར་རྒྱ་ནག་གཞུང་གིས་བོད་སྐྱོར་དཔལ་འབྱོར་ཁ་གཏད་ཚོགས་པ་དང་། བོད་སྐྱོར་གནའ་རྫས་རྟོག་ཞིབ་ཚོགས་པ། བོད་སྐྱོར་ཆབ་སྲིད་ཚོགས་པ། བོད་སྐྱོར་ཁྲིམས་རྩོད་ཚོགས་པ་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་བོད་ནང་རྒྱ་མི་འབོར་ཆེན་བཏང་སྟེ། བོད་ཁུལ་ཡར་རྒྱས་གཏོང་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༤ ལོར་བོད་སྐྱོར་ཚོགས་པ་ཁག་ཅིག་བཙུགས་ཏེ་ལོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོ་རྒྱ་ནག་པེ་ཅིན་གྲོང་ཁྱེར་ནས་ཚོགས་ཏེ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཚོགས་འདུའི་སྟེང་སྐབས་དེའི་རྒྱ་ནག་དབུས་ཆབ་སྲིད་ཁང་གི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཡུས་ཀྲེང་ཧྲེང་ཟེར་བས། རྒྱ་ནག་གཞུང་གིས་བོད་སྐྱོར་ལས་དོན་ལ་ཤུགས་སྣོན་གྱིས་གྲུབ་འབྲས་ཆེན་པོ་ཐོན་ཡོད་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པ་རང་གི་ནང་དུའང་བོད་ཐོག་འཛིན་པའི་སྲིད་བྱུས་དང་དེའི་དམིགས་འབེན་ལ་ཕམ་ཉེས་བྱུང་གི་ཡོད་པའི་བསམ་ཚུལ་འདོན་མཁན་རིམ་པར་བྱུང་ཡོད་ལ།  རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་རྣམ་པ་འདྲ་མིན་ནས་བོད་ནང་རྒྱ་མི་གཏོང་བཞིན་པ་ནི་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་དང་། གྲངས་ཉུང་མི་རིགས་ཁག་གི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༡༨ ནས་བཟུང་ལོ་ལྟར་རྒྱ་ནག་གཞུང་གིས་མ་དངུལ་རྒྱ་སྒོར་ཁྲི་ ༡༠༠ ལྷག་བཏང་སྟེ། ཆེད་དམིགས་བོད་ཁུལ་ལ་གཏོང་རྒྱུའི་ཁྲིམས་རྩོད་པ་གསོ་སྐྱོང་བྱས་ཡོད་པ་དང་། འདི་ལོ་ནས་ཁྱོན་མ་དངུལ་སྒོར་ཁྲི་ ༣༠༠ བཏང་ནས་ཁྲིམས་རྩོད་པ་མི་གྲངས་ ༣༢༠༠ ལ་སྦྱོང་བརྡར་སྤྲད་ཡོད་པ་དང་། མི་སྣ་དེ་དག་གཙོ་བོ་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དམིགས་ནས་གསོ་སྐྱོང་བྱས་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༢༤

Leave a Reply

One thought on “ཡང་བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོཊ་པ་ཟེར་བ་ཞིག་བོད་ལ་བཏང་།

  1. ཚེ་བརྟན་འགྱུར་མེད།

    ༈ རྒྱ་ནག་གཞུང་གི་ད་བར་བོད་པར་སྐྱོར་བའམ་སྐྱོབས་པ། དེ་མིན་དགའ་གཞེན་གྱི་ཕན་པ་བྱས་པ་བྱུང་མེད་ཞུས་ན་ཧམ་པ་མིན་ཀྱང་སྲིད་ཀྱི་མ་རེད་ཞུ་གི་མིན། རྒྱ་དམར་གྱིས་དྭང་བསླངས་ཞུས་པའི་ལས་ཀ་དང་པོ་བོད་བཅིང་བཀྲོལ་གྱི་ལས་འཆར་ནི་མ་དཔེ་དེ་ཡིན། མི་ལོ་ ༦༠ སོང་ད་ལྟའང་བོད་དེ་ཁོ་ཚོས་བཅིང་བསྡད་པ་ལས་དེ་མིན་བཅིང་མཁན་གཞན་སུའང་མིན་འདུག དེ་ནི་ལོང་བས་ཀྱང་མཐོང་ཐུབ་པའི་བདེན་གནས་ཤིག་ཡིན། བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་བོད་ལ་བཏང་བ་དེ་བོད་ནང་དཀའ་ངལ་ཞིག་ཡོད་པ་རྒྱ་གཞུང་ནས་ངོས་ལེན་པ་རེད། དཀའ་ངལ་དེ་ཁོ་རང་ཚོས་བཟོས་རེད། འཛམ་གླིང་ཕྱི་ནས་ཁྲིམས་རྩོད་པ་གཏོང་རྒྱུའི་བློ་ཁོག་མེད་པ་ཧ་གོ་གསལ་ཡིན་པ་མ་ཟད་རྒྱ་ནག་རང་ནས་གཞུང་འཛིན་མིན་པའི་ཚོགས་པ་ཞིག་ཀྱང་གཏོང་ཐུབ་པའི་ནུས་པ་མེད་པ་རེད། མགོ་མ་འཁོར། རྒྱ་མིས་ཁོ་རང་ཚོར་དགོས་པའི་ལས་དེ་མ་ཕྱི་བར་ཞུ་གི་རེད།་ང་རང་ཚོས་རང་དོན་རང་གཅེས་ཞུ་རྒྱུ་དེ་གོ་སྐབས་ནམ་རག་ལ་རང་གཞན་ཚང་མས་ཞུ་གལ་དགོངས་མངལ་ཞུ།།