འདས་པོ་དམ་པར་འབྲེལ་འདྲིས་བྱུང་བའི་དོགས་ཡོད་མི་གྲངས་ ༢༢༠ ཙམ་ཟུར་བཀག་ནང་བཞག་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཏོག་དབྱིབས་ནད་ཡམས་ཀྱིས་འདས་གྲོངས་སུ་ཕྱིན་པའི་བོད་མི་བསྟན་འཛིན་ཆོས་འཕེལ་ལགས་ཀྱི་གནས་ཚུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གར་གྱི་གཞུང་འབྲེལ་ནས་བསྟན་འཛིན་ཆོས་འཕེལ་ལགས་ཝུ་ཝན་ནད་ཡམས་ཀྱི་ཐོག་ནས་གྲོངས་ཡོད་པའི་བསྡོམས་བརྒྱབ་ཡོད་པ་དང་། ད་ལྟ་འདས་པོའི་བཟའ་ཟླ་དང་བུ། ནང་མི་རོགས་པ་རྣམས་དྷ་སའི་ཉེ་འཁྲིས་བོད་མིའི་སྣེ་ལེན་ཁང་གི་ཟུད་བཅད་སྡོད་ཁང་དུ་ཟུར་བཀག་འོག་བཞག་ཡོད་སྐོར་གསུངས་སོང་ལ། དོགས་གཞིའི་འོག་ཟུར་བཀག་ནང་བཞག་ཡོད་པའི་མི་གྲངས་སོགས་ཀྱི་སྐོར་ལ་སང་ཉིན་ཞིག་ལ་གསར་འགོད་གསལ་བསྒྲགས་ལོགས་སུ་གནང་འཆར་ཡོད་སྐོར་འབྲེལ་ཡོད་ལས་བྱེད་ནས་བརྗོད་བྱུང་། དེ་རིང་སྔ་དྲོའི་གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་མཆོག་ནས་འདས་པོ་དམ་པ་བསྟན་འཛིན་ཆོས་འཕེལ་ལགས་ཀྱི་འགྲོ་སྐྱོད་བརྒྱུད་རིམ་སྐོར་འགྲེལ་བརྗོད་གནང་དོན། གཞི་རྩའི་བསྟན་འཛིན་ཆོས་འཕེལ་ལགས་དང་ཁོང་གི་སྐུ་ཟླ་གཉིས་ཨ་རི་ནས་ཚེས་ ༡༥ ཞོགས་པའི་ཆུ་ཚོད་ ༣ པའི་ཐོག་ལ་ལྡི་ལིར་འབྱོར་འདུག དེ་ནས་གནམ་གྲུ་ཐང་ནས་ཚ་བ་བརྟག་དཔྱད་སོགས་ཆ་ཚང་བྱས་ཏེ། མ་ཇུ་ཊི་ལའི་མགྲོན་ཁང་ཞིག་ནང་ཉིན་ལྔའི་རིང་བཞུགས་འདུག ཡིན་ན་ཡང་ལྡི་ལི་ཁུལ་མང་པོ་ཞིག་སྒོ་བརྒྱབ་ཡོད་སྟབས། ཚེས་ ༢༡ གི་ཞོགས་པར་དྷ་རམ་ས་ལར་ཐོན་སྟེ་དགོང་མོའི་ཆུ་ཚོད་ ༦ ཙམ་ལ་དྷ་སར་འབྱོར་ཡོད་འདུག འོན་ཀྱང་སྐུ་ཐང་ཆད་པའི་རྐྱེན་གྱིས་ཉིན་དེར་གཟིམ་ཤག་རང་དུ་བཞུགས་པ་དང་། ཕྱི་ཚེས་ ༢༢ ཉིན་རྒྱ་གར་སྲིད་བློན་མུ་དྷི་མཆོག་ནས་གསུངས་པ་བཞིན་ཚང་མ་ནང་དུ་སྡོད་དགོས་བྱུང་བ་རེད། དེ་བཞིན་ཕྱི་ཚེས་ ༢༣ དེ་དྷ་རམ་ལ་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་རེད། ཉིན་དེའི་ཞོགས་པར་ཁོང་གི་བུ་དང་ནང་མི་རོགས་པ་གཉིས་ཀྱིས་ཁོང་དྷ་སའི་བྷ་ལ་ཇི་སྨན་ཁང་དུ་འཁྱུག་ཙམ་བསྟན་དུ་འགྲོ་སྐབས། ཝུ་ཧན་ནད་ཡམས་དང་འབྲེལ་བ་ཡོད་དོགས་ཀྱིས་ཊན་ཌ་སྨན་ཁང་ལ་ཐད་ཀར་བཅར་ཡོད་འདུག སྨན་ཁང་དེར་བརྟག་དཔྱད་སོགས་བྱས་ཏེ་མཐར་འདས་གྲོངས་སུ་གྱུར་ཡོད་འདུག དེ་ནས་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་སྔོན་འགྲོའི་བརྟག་དཔྱད་བྱེད་སྐབས། ཁོང་རང་ཚོ་གཞུང་འབྲེལ་ནས་ཝུ་ཝན་ནད་ཡམས་ཀྱི་ཐོག་ནས་གྲོངས་ཡོད་པའི་བསྡོམས་བརྒྱབ་ཡོད་འདུག ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ཀང་ར་རྫོང་དཔོན་ནས་འདས་པོའི་ཕུང་པོ་མེར་བསྲེགས་དང་ནང་མི་སྤུན་མཆེད་རྣམས་ཟུར་བཅད་བྱེད་རྒྱུ་སོགས་ཆ་ཚང་བོད་མིའི་སྒྲིག་འཛུགས་ངོས་ནས་གནང་དགོས་སྐོར་གསུངས་པ་བཞིན། བོད་མིའི་སྒྲིག་འཛུགས་ནས་འདས་པོའི་བུ་ཕྲུག་དང་ནང་མི་ལ་འབྲེལ་བ་བྱས་ཏེ་ཁ་སང་དགོང་མོ་རང་ཕུང་པོ་བསྲེག་དགོས་པའི་ལམ་སྟོན་ཞུས་པ་ལྟར་ནང་མིའི་ངོས་ནས་ཀྱང་དེ་ལྟར་བྱ་རྒྱུའི་ཁས་ལེན་བྱས་ཏེ། ཁ་སང་དགོང་མོ་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཕུང་པོ་བསྲེགས་ཐུབ་པ་བྱུང་ཡོད་པ་དང་། ཕུང་པོ་བསྲེགས་ཚར་རྗེས་དེར་འབྱོར་བའི་ཁོང་གི་བུ་དང་སྐུ་ཟླ། ནང་མི་རོགས་པ་རྣམས་ས་གནས་རྫོང་དཔོན་གྱི་ལམ་སྟོན་བཞིན་དྷ་སའི་ཉེ་འཁྲིས་བོད་མིའི་སྣེ་ལེན་ཁང་དུ་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་ཟུད་བཅད་སྡོད་ཁང་དུ་ཟུར་བཀག་འོག་བཞག་ཡོད་སྐོར་གསུངས་སོང་།ཡང་འདས་པོ་དམ་པ་བསྟན་འཛིན་ཆོས་འཕེལ་དང་འབྲེལ་འདྲིས་བྱུང་བའི་མི་རྣམས་རྩད་གཅོད་བྱེད་བཞིན་པའི་སྐོར་ལ་སྲིད་སྐྱོང་མཆོག་གིས། བསྟན་འཛིན་ཆོས་འཕེལ་ལགས་དང་སྐུ་ཟླ་གཉིས་ལྡི་ལི་ནས་དྷ་སར་ཕྱིར་ལོག་བྱེད་སྐབས། ལམ་བར་དུ་དྷ་སར་གནས་སྡོད་ནང་མི་གཅིག་དང་ལྷན་དུ་ཞལ་ལག་མཆོད་ཡོད་པའི་གནས་ཚུལ་ཐོན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་འཕྲལ་མར་ནང་མི་གཞན་དེར་འབྲེལ་བ་བྱས་ཏེ་ཉིན་གྲངས་ ༡༥ རིང་རང་ཁྱིམ་དུ་གཏན་སྡོད་བྱེད་དགོས་པའི་ལམ་སྟོན་ཞུས་ཡོད་པ་དང་། དེ་བཞིན་ས་གནས་ཉེན་རྟོག་ཁང་ངོས་ནས་གླ་འཁོར་གྱི་ཁ་ལོ་བ་གཅིག་རྩད་གཅོད་བྱས་ཟིན་པ་དང་། ལྡི་ལི་དོན་གཅོད་ཁང་ངོས་ནས་ཀྱང་བསྟན་འཛིན་ཆོས་འཕེལ་ལགས་སྡོད་སའི་ལྡི་ལིའི་མགྲོན་ཁང་དེའི་སྐོར་གནས་ཚུལ་མཁོ་སྒྲུབ་བྱས་ཏེ། ལྡི་ལི་གཞུང་གི་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་བྱས་ཟིན་ཡོད་སྐོར་དང་། དྷ་སར་འབྱོར་རྗེས་བསྟན་འཛིན་ཆོས་འཕེལ་ལགས་རང་ཤག་ཏུ་གཏན་སྡོད་ཀྱིས་ཕྱི་མི་སུ་གཅིག་ལའང་འབྲེལ་འདྲིས་བྱུང་མེད་སྟབས་སེམས་འཚབ་གནང་དོན་མེད་སྐོར་དང་། ད་ཐེངས་ཀྱི་གནས་སྟངས་དང་འབྲེལ་དྷ་རམ་ས་ལ་སྒོ་ཀུན་ནས་བརྒྱབ་རྒྱུ་ཡིན་པས་བོད་མི་རྣམས་རང་ཁྱིམ་ནས་ཕྱིར་མི་འདོན་རྒྱུའི་འབོད་སྐུལ་གནང་སོང་།

འདི་གའི་གསར་འགོད་པས་འདས་པོ་དམ་པ་བསྟན་འཛིན་ཆོས་འཕེལ་ལགས་ཀྱི་བུ་ལ་ཞལ་པར་བརྒྱུད་སྐད་ཆ་དྲིས་པར་ཁོང་གིས། ད་ལྟ་རང་ཉིད་ལ་སྐད་ཆ་བཤད་རྒྱུའི་གནས་སྟངས་ནང་ཡང་མེད་སྐོར་དང་། དེ་རིང་སྲིད་སྐྱོང་མཆོག་དང་ཀང་ར་རྫོང་དཔོན་གྱིས་གསུངས་པ་དེར་ཉན་འཇོག་གནང་དགོས་སྐོར་བརྗོད་བྱུང་ལ། འདས་པོ་དམ་པ་བསྟན་འཛིན་ཆོས་འཕེལ་ལགས་ནས་དེ་སྔོན་ཕྱི་ལོ་ ༢༠༡༦ ལོར་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་གྱི་ལས་རོགས་གཞན་དེ་གནང་ཡོད་པ་མ་ཟད། དྷ་སར་རང་བདེན་ཚོགས་ཆུང་ལ་སོགས་པའི་ནང་ཞབས་ཞུ་མང་པོ་ཞུས་མྱོང་ཡོད་འདུགདེ་རིང་ཀང་ར་རྫོང་གི་སྤྱི་ཁྱབ་ཉེན་རྟོག་དཔོན་གྱིས་གཞུང་འབྲེལ་སྤྱི་ཚོགས་དྲ་ལམ་བརྒྱུད་མང་ཚོགས་ལ་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་འདིིའི་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦།༡༥ ཐོག་ལྡི་ལི་ནས་དྷ་སར་ཐོན་པའི་ཧི་མ་ཅལ་མངའ་སྡེ་གཞུང་གི་ཝོལ་ཝོ་སྤྱི་སྤྱོད་རླངས་འཁོར་ (Himsuta HRTC Volvo Bus) ཡོང་མཁན་འགྲུལ་བ་སུ་འདྲ་ཞིག་ཡིན་རུང་ཁ་པར་ཨང་གྲངས་ ༡༠༤ དང་ ༡༠༧༧ ལ་འཕྲལ་དུ་འབྲེལ་བ་བྱ་དགོས་སྐོར་བརྗོད་འདུག་ལ། ཧི་མ་ཅལ་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས། ད་ཐེངས་ཀང་ར་ཉེན་རྟོག་ཁང་ནས་འདས་པོ་བསྟན་འཛིན་ཆོས་འཕེལ་ལགས་དང་འབྲེལ་འདྲིས་བྱུང་བ་དངོས་དང་བརྒྱུད་འབྲེལ་བྱུང་བའི་དོགས་ཡོད་ཚུད་པའི་མི་གྲངས་ ༢༢༠ ཙམརྩད་གཅོད་ཐུབ་འདུག་ཡོད་པ་མ་ཟད། ཚང་མ་རང་ཁྱིམ་དུ་ཟུར་བཀག་བྱས་ཡོད་སྐོར་བརྗོད་འདུགདེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་དོན་འབྲེལ་མཐུད་པ་སྨན་པ་མཚམས་གཅོད་ལགས་སུ། བོད་མིའི་སྒྲིག་འཛུགས་ཀྱིས་དྷ་སའི་ཉེ་འཁྲིས་སྣེ་ལེན་ཁང་དང་ཤུག་གསེབ་ཏུ་གོ་སྒྲིག་གནང་བའི་ཟུར་བཅད་སྡོད་ཁང་ནང་མི་གྲངས་ཅི་ཙམ་ཤོང་མིན་དང་ཆ་རྐྱེན་གང་ཡོད་སྐོར་དྲིས་པར་ཁོང་གིས། སྣེ་ལེན་ཁང་དུ་ཁང་མིག་ ༡༢ ཡོད་པ་དེ་དག་ནང་ཁྱོན་མི་གྲངས་ ༡༢ ཤོང་ཐུབ་ཀྱི་ཡོད་པ་དང་། ཤུག་གསེབ་ཏུ་ཁང་མིག་སྟོང་པ་ ༨ ཡོད་ཀྱང་། ད་ལྟའི་ཆར་དེ་དག་ནང་མཐུན་རྐྱེན་ཇི་ཙམ་སྦྱར་ཐུབ་མིན་གསལ་པོ་མེད་སྐོར་དང་། ད་ཡོད་ཟུར་བཅད་སྡོད་ཁང་དུ་ཞལ་ལག་སོགས་ཀྱི་མཐུན་རྐྱེན་ཡང་སྦྱོར་སྤྲོད་བྱེད་བཞིན་ཡོད་སྐོར་དང་། ཟུར་བཅད་སྡོང་ཁང་དུ་ཆེད་མངགས་སྨན་པ་དང་སྨན་ཞབས་མེད་ཀྱང་དགོས་མཁོ་བྱུང་ཚེ་ཐད་ཀར་གཏོང་ཆོག་སྐོར་དང་། ད་ལྟའི་ཆར་ཟུར་བཅད་སྡོད་ཁང་ནང་མི་གྲངས་ཅི་ཙམ་ཟུར་བཀག་བྱས་ཡོད་མེད་སང་ཉིན་གསར་འགོད་གསལ་བསྒྲགས་སྟེང་གཏན་འཁེལ་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་ཡང་།

སྤྱིར་ཁ་སང་ཉིན་རྒྱབ་ཙམ་ལ་ཀང་ར་རྫོང་དཔོན་གཞོན་པས་ས་གནས་དང་རྒྱལ་ཡོངས་ཀྱི་གསར་ཁང་ཁག་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། བོད་མི་དེ་ཊན་ཌ་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་ཀྱང་། ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་གྲོངས་ཡོད་མེད་བཤད་ཚོད་ཐིག་ཀྱི་མེད་སྐོར་བརྗོད་པ་བཞིན། རྒྱ་གར་གྱི་ས་གནས་དང་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་ཐོན་ཡོད་ཀྱང་། ཁ་སང་ཕྱི་དྲོར་ས་གནས་རྫོང་དཔོན་སོགས་ལ་ཐད་ཀར་འབྲེལ་བ་བྱེད་སྐབས། ཀང་ར་རྫོང་དཔོན་གཞོན་པས་བསྟན་འཛིན་ཆོས་འཕེལ་ལགས་ཀྱི་སྔོན་འགྲོའི་བརྟག་དཔྱད་གྲུབ་འབྲས་ནང་། ཁོང་ཉིད་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་སྐོར་བརྗོད་ཡོད་པ་དང་། དེ་རིང་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་མངའ་དང་ཐད་སྐྱོང་ཁུལ་རེ་རེའི་ཕྱོགས་བསྡོམས་གྲངས་ཐོའི་ནང་དུ་། ཧི་མ་ཅལ་མངའ་སྡེ་ནས་ཏོག་དབྱིབས་ནད་པའི་གྲངས་འབོར་དེ་ ༣ དང་རྐྱེན་འདས་སུ་སོང་བ་ ༡ བཅས་བཀོད་འདུག

ཁ་སང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཚགས་ཚུད་ཡོང་ཆེད་ཀང་ར་རྫོང་ཙམ་དུ་མ་ཟད། ཧི་མ་ཅལ་མངའ་སྡེ་ཡོངས་རྫོགས་བཀག་སྡོམ་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད། ད་ཐེངས་བཞུགས་སྒར་དྷ་སའི་མེག་གྷན་དུ་ཏོག་དབྱིབས་ནད་པ་ཐོན་པའི་རྐྱེན་གྱིས་མེག་གྷན་གྱི་ཁྲོམ་སྲང་དང་ལམ་བར་དུ་ཉེན་རྟོག་པ་དང་སྐོར་སྲུང་མི་སྣས་སྔར་བས་དམ་དྲག་ཆེན་པོ་བྱེད་བཞིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༢༤

Leave a Reply