བོད་མི་ཞིག་དབྱིན་ཡུལ་ནས་འདས་གྲོངས་སུ་ཕྱིན་འདུག

ཀ་ཤོད་པ་འཇམ་དབྱངས་ཆོས་རྒྱལ་ལགས་དབྱིན་ཡུལ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་སྔོན་འགྲོའི་བརྟག་དཔྱད་ནང་ཏོག་དབྱིབས་ནད་རྟགས་ཐོན་ཡོད་འདུག

མདང་དགོང་མཚན་གུང་ཆུ་ཚོད་ ༡།༢༠ ཙམ་གྱི་ཐོག དབྱིན་ཡུལ་ལོན་ཊོན་དུ་གནས་བཞུགས་བོད་རིགས་ཀ་ཤོད་པ་འཇམ་དབྱངས་ཆོས་རྒྱལ་ལགས་ཡུལ་དེའི་རྒྱལ་པོའི་སྨན་ཁང་(King’s Hospital)ནང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། སྔོན་འགྲོའི་བརྟག་དཔྱད་ཁྲོད་ཁོང་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་ཀྱང་། དང་ཐོག་ཁོང་ལ་བརྟག་དཔྱད་གཏོང་མཁན་སྨན་པ་དེར་ཏོག་དབྱིབས་ནད་ཡམས་འགོས་ཡོད་སྟབས། སྨན་པ་དེ་ནས་འགོས་པ་ཡིན་མིན་དང་འདས་རྐྱེན་གཙོ་བོ་ཏོག་དབྱིབས་ནད་ཡམས་ཡིན་མིན་སོགས་ཀྱི་ཐད་མཐའ་མའི་བརྟག་དཔྱད་གཏོང་བཞིན་པ་ཡིན་འདུག

འདི་ག་དུས་བབ་གསར་ཁང་ནས་ལོན་ཊོན་དུ་གནས་བཞུགས་བོད་མི་ཞིག་བརྒྱུད་དེ། དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་ལྷ་ལགས་སུ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ཉིན་ཤས་གོང་དུ་དགུང་ལོ་ ༧༩ ཡིན་པའི་ཀ་ཤོད་པ་འཇམ་དབྱངས་ཆོས་རྒྱལ་ལགས་ཅུང་ན་ནས་ངོ་ཤེས་བཟའ་མི་གཉིས་ཀྱིས་སྨན་ཁང་དུ་བསྐྱལ་ཏེ་བརྟག་དཔྱད་བྱས་རྗེས། སྔོན་འགྲོའི་བརྟག་དཔྱད་ནང་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པར་བརྟེན། ཁོང་སྨན་ཁང་དུ་སྐྱེལ་མཁན་བཟའ་ཟླ་གཉིས་ཀྱང་ཟུར་བཀག་ཏུ་བཞག་ཡོད་ཀྱང་། མདང་དགོང་མཚན་གུང་ས་གནས་ཀྱི་ཆུ་ཚོད་ ༡།༢༦ ཐོག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་དུས་རྒྱུན་ནད་པ་ཞིག་ཡིན་ནའང་། ཁོང་གིས་དང་ཐོག་སྨན་ཁང་དུ་བསྟེན་གཏུག་བྱེད་སའི་སྨན་པ་དེར་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་དང་། ཀ་ཤོད་པ་ལགས་རྒྱུན་དུ་ནང་ལ་གཅིག་པུར་བསྡད་དེ་མི་གཞན་ལའང་འབྲེལ་འདྲིས་དཀོན་པར་བརྟེན། སྨན་པ་དེའི་ས་ནས་འགོས་པ་ཡིན་མིན་ཐད་དོགས་པ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། ད་ལྟའི་ཆར་མཐའ་མའི་བརྟག་དཔྱད་ཀྱི་གྲུབ་འབྲས་དང་ཁོང་གི་འདས་རྐྱེན་ངོ་མ་དེ་ག་རེ་ཡིན་མིན་སོགས་ཀྱི་གནས་ཚུལ་བདུན་ཕྲག་གཅིག་ལྷག་གི་རྗེས་ནས་མ་གཏོགས་བསླེབ་ཀྱི་མེད་པ་དང་། དེའི་བར་དུ་སྐུ་ཕུང་ཡང་མེར་སྲེག་གཏང་ཆོག་གི་མེད་སྐོར་བརྗོད་བྱུང་།

ཀ་ཤོད་པ་འཇམ་དབྱངས་ཆོས་རྒྱལ་ལགས་ཀྱིས། བོད་ས་མ་ཤོར་གོང་བོད་གཞུང་བཀའ་ཤག་ནང་བཀའ་བློན་གྱི་ཕྱག་ལས་གནང་མྱོང་བའི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ལྷུན་འགྲུབ་ལགས་ནས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཞབས་ཞུ་ཞུས་པའི་ལོ་རྒྱུས་དབྱིན་དེབ་ཅིག་བརྩམས་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་འཇམ་དབྱངས་ཆོས་རྒྱལ་ལགས་དབྱིན་ཡུལ་དུ་གནས་སྤོ་གནང་སྟེ་བོད་གནས་ཁྱབ་སྤེལ་ཁང་དུ་ཡུན་རིང་ཕྱག་ལས་གནང་མྱོང་བ་མ་ཟད། བོད་གནས་ཁྱབ་སྤེལ་ཁང་གི་སློབ་སྟོན་པའང་གནང་ཡོད་འདུག

བསྐྱར་བཅོས།: ༢༠༢༠/༠༣/༢༦

Leave a Reply

One thought on “བོད་མི་ཞིག་དབྱིན་ཡུལ་ནས་འདས་གྲོངས་སུ་ཕྱིན་འདུག

  1. ཐུབ་བསྟན་བཀྲིས།

    ཁོང་ད་ལོ་དགུང་ལོ་༧༩ ཡིན་ན། ཕྱི་ལོ་༡༩༤༡ ལོར་འཁྲུངས། ༡༩༥༩ ལོར་ཁོང་དགུང་ལོ་༡༨ ཡིན་འདུག།
    ” ཀ་ཤོད་པ་འཇམ་དབྱངས་ཆོས་རྒྱལ་ལགས་ཀྱིས། བོད་ས་མ་ཤོར་གོང་བོད་གཞུང་བཀའ་ཤག་ནང་བཀའ་བློན་གྱི་ཕྱག་ལས་གནང་མྱོང་བའི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ལྷུན་འགྲུབ་ལགས་ནས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཞབས་ཞུ་ཞུས་པའི་ལོ་རྒྱུས་དབྱིན་དེབ་ཅིག་བརྩམས་ཡོད་པ་དང་། “
    ཁོང་མ་འཁྲུང་གོང་ནས་༧ གོང་ས་སྐུ་ཕྲེང་བཅུ་གསུམ་པ་ལ་ཞབས་ཞུ་ཞུས་པ་དང་། དགུང་ལོ་༡༨ མ་ཟིན་གོང་ནས་བཀའ་བློན་ཆགས་པ་སོགས་གནས་ཡ་མཚན་ཅན་དེ་འདྲ་བཀོད་འདུག།།