རྒྱ་མཚོའི་རླབས་བཞིན་འཕྱུར་བའི་ནད་ཡམས་མདུན། དུད་འགྲོ་སེམས་ཅན་རྣམས་ལ་དགོངས་དག་ཞུ།

ཀླུ་སྨྱོན་ཧེ་རུ་ཀ

འདས་པའི་ཟླ་ཤས་ཀྱི་རིང་ལ། ཏོག་དབྱིབས་ནད་གསར་ཞེས་པ་ལོ་རྒྱུས་སྟེང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་རྗེས་སུ། མིའི་རིགས་ཀྱི་ཚེ་སྲོག་ལ་ཆེས་ཉེན་ཚབ་ཆེ་བའི་ནད་ཡམས་ཤིག་རྒྱ་ནག་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བ་དང་། དེ་རིང་ལ་ཐུག་གི་བར་དུ་མི་རིགས་འདྲ་མིན་བཞི་སྟོང་ལྷག་གི་ཚེ་སྲོག་འཕྲོགས་སོང་། ད་ལྟ་རྒྱ་ནག་ཨང་དང་པོ་དང་ཨི་ཀྲི་ལི་གཉིས་པ། ལྷོ་ཀོ་རི་གསུམ་པ་དང་ཨེ་རན་བཞི་པ། སི་པན་ལྔ་པ་དང་ཨ་རི་བདུན་པ་རེད། ནད་ངན་འདིས་སྔོན་བརྡ་ཅི་ཡང་མེད་པར་སྐད་ཅིག་གཅིག་གི་རིང་ལ་འཛམ་གླིང་གི་ས་ཆེན་པོ་འདི་འཇིགས་སྐྲག་དང་སྡུག་བསྔལ་གྱི་ཀློང་དུ་བསྐྱལ་སོང་།

འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བ་ཡིན་ཞེས་སྟོན་པ་སངས་རྒྱས་དང་མར་ཁེ་སི་གཉིས་ཀས་ཞལ་གཅིག་མཐུན་དུ་གསུངས་ཡོད། དེས་ན་དེ་རིང་གི་རྡུལ་ཕྲན་མཚོན་ཆ་འབུམ་ཕྲག་ལས་ཀྱང་ཞེད་སྣང་ཆེ་བའི་ནད་ངན་འདིའི་རྒྱུ་རྐྱེན་ངོ་མ་དེ་གང་ལས་བྱུང་བ་ཡིན་ནམ་ཞེ་ན། དེའི་ལན་ནི་ཧ་ཅང་སྟབས་བདེ་བ་ཞིག་སྟེ། འགྲོ་བ་མིའི་རིགས་ཀྱི་འདོད་རྔམ་གྱིས་ཆེ་ཆེར་གདངས་པའི་ཁ་འདི་ཡིན་ནོ།། ཡ་ཁ་གཏི་མུག་དང་མ་ཁ་འདོད་ཆགས་ཀྱིས་གདངས་པའི་འགྲོ་བ་མིའི་རིགས་ཀྱི་ཁ་ཆུང་ཆུང་འདིའི་ནང་དུ། གནའ་ནས་དེ་རིང་བར་དུ་ནང་པའི་གཞུང་ལྟར་ན་མ་རྒན་དུད་འགྲོ་ཉམ་ཆུང་གྲངས་གནས་དྲུག་ཅུ་ལས་ཆེ་ཆེར་བརྒལ་བ་ཞིག་གི་ཚེ་སྲོག་ཁྱུར་མིད་དུ་བཏང་དང་གཏོང་བཞིན་ཡོད་པ་རེད་ཨང་།

ཉེ་ཆར་དྲ་ལམ་དུ་མི་སྐོར་ཞིག་གིས་རྒྱ་མི་རིགས་ལ། ཁྱོད་ཚོས་གནམ་ལ་འཕུར་ཚད་ཀྱི་ནང་ནས་གནམ་གྲུ་མིན་པ་བཟའ་གི་རེད། ཁྱོད་ཅག་གིས་རྒྱ་མཚོའི་ནང་གི་གྲུ་གཟིངས་མིན་པ་ཚང་མ་བཟའ་གི་རེད། ས་ཐོག་གི་སྐྱག་པ་མིན་པ་ཚང་མ་ཁྱོད་ཚོས་བཟའ་གི་རེད། རྒྱུ་མཚན་དེའི་རྐྱེན་གྱིས་ད་ཐེངས་ཀྱི་ནད་ཡམས་འདི་ཁྱོད་ཅག་གིས་བསྐྱེད་པ་རེད་ཅེས་ཁ་རྡུང་གཏོང་གི་ཡོད་པ་མཐོང་།  ངས་སྔོན་ཆད་ལན་མང་དྲ་ལམ་ནས་རྩོམ་ཡིག་གི་ལམ་ནས་རང་རེ་ནང་པའི་རྒྱལ་ཁབ་ཚོའི་དུད་འགྲོའི་ཤ་ཁྲོམ་ནི་ནང་པ་མིན་པའི་རྒྱལ་ཁབ་ཚོའི་ཤ་ཁྲོམ་ལས་ལྡབ ་མང་པོས་མང་གི་རེད་ཅེས་སྐྱོན་བརྗོད་བྱེད་མྱོང་བ་བཞིན། རྒྱ་ནག་ལ་མཚོན་ན་ཡང་ལོ་རྒྱུས་སྟེང་ནང་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ན་འང་། ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས་དང་གཙོ་བོ་གོང་བརྗོད་ལྟར་འདོད་རྔམ་གྱིས་གདངས་པའི་ཁ་དེའི་ཆེད་དུ། དུད་འགྲོ་སེམས་ཅན་གངྒྰའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པའི་ཚེ་སྲོག་བཅད་དེ་ཤ་ཁྲག་ཟོས་ཤིང་རུས་པ་མུར་ནས་ཡོང་བ་རེད།

རང་རིགས་བོད་ཀྱི་སྤུན་ཟླ་ཚོ་ཨ། གཡག་ལ་དགའ་བའི་མི་རིགས་ཨ། གཡག་ཤ་བཟའ་བའི་མི་རིགས་ཨ། ལུག་ལ་དགའ་བའི་མི་རིགས་ཨ། ལུག་ཤ་བཟའ་བའི་མི་རིགས་ཨ། ང་ཚོས་ཤ་བཟའ་བའི་ཁ་གཡར་ས་ཡོད་ན་མེད་ན་དེ་ནི་ས་བབ་མཐོ་བའི་དབང་གིས་ཡིན་པར་བརྗོད། ཉེ་ཆར་པ་ཀི་སི་ཐན་བྱང་རྒྱུད་ཀྱི་མི་རིགས་ཞེས་པ་དེའི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡན་གྱིས་འདས་པའི་ལོ་ངོ་སྟོང་ཕྲག་གི་རིང་ལ་དུད་འགྲོའི་ཤ་ཁྲག་ལོངས་སུ་སྤྱད་མ་མྱོང་བར་བརྗོད་འདུག་ལ། གནད་དོན་འདིས་བོད་སྤྱི་ལ་འགེབ་མི་ཐུབ་ཀྱང་ས་བབ་མཐོ་བ་ཙམ་གྱིས་ཤ་མ་ཟོས་ན་ཚེ་སྲོག་འཚོ་ཐུབ་པའི་ངེས་པ་ཡང་མི་འདུག་ཨང་བསམ་པའི་ཚོར་བ་གློ་བུར་བ་རེ་སྟེར་བར་བྱེད།

ལོ་རྒྱུས་ཡིག་ཆའི་ནང་བོད་ཀྱི་བཙན་པོ་ཚོའི་སྐབས་སུ་གཡག་གསོན་པོ་གདངས་ལ་བཏགས་པར་མདས་བསྣུན་ཏེ་གསོད་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོ་ཡང་རི་དྭགས་རྔོན་དུ་ཕེབས་ཚུལ་གསལ་ཡོད་དམ་མེད། གང་ལྟར་སྐབས་ཤིག་ནས་བོད་ཀྱིས་གཡག་ཤ་ལུག་ཤ་ཟོས་པས་མ་ཚིམས་པར་རི་སྐྱེས་སྲོག་ཆགས་ཀྱི་ཤ་ཁྲག་ལ་རྔམ་སེམས་སྐྱེས་ཡོད་པ་ཐག་གིས་ཆོད། ཏོག་དབྱིབས་ནད་གསར་འདི་ཁྱབ་ནས་ཅང་མ་འགོར་བར་དྲ་ལམ་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བྲིས་པར་གྲགས་པའི་ཤོག་ལྷེ་ཞིག་རླུང་ལ་སྤུར་བཞིན་འདུག་ལ། དེའི་ངོས་སུ་ཕ་ཝང་ཞིག་གི་རི་མོའི་འཁྲིས་སུ་ཕ་ཝང་གི་ཤ་ཟོས་ན་དུག་འཕོག་ཚུལ་གྱི་ཚིག་འགའ་ཡང་བྲིས་འདུག སྐབས་དེར་བོད་ནང་གི་མཁས་པར་གྲགས་པ་ཞིག་གིས་བྱ་ཕ་ཝང་དང་རྡོ་བོང་གཉིས་ནོར་ནས་མཁས་རྟགས་བསྟན་སོང་ཞེས་ཀྱང་ཚ་ཚ་འུར་འུར་དུ་གླེང་བརྗོད་སྤེལ་སོང་། གང་ལྟར་བོད་ཀྱིས་ཤ་རིགས་དང་བྱ་རིགས་དེ་ཙམ་མི་བཟའ་བའི་སྲོལ་བཟང་འདི་ལ་ཡང་གས་ཆག་ཤོར་མྱོང་བ་འདྲ་ཨང་བསམ་པ་ཞིག་ཀྱང་བྱུང་། དཔེར་ན་དེའུ་དམར་དགེ་བཤེས་ཀྱིས་བརྩམས་པའི་བོད་ཀྱི་སྨན་དཔེ་གྲགས་ཅན་ཤེལ་གོང་ཤེལ་ཕྲེང་རྩ་འགྲེལ་ནང་དུད་འགྲོ་སེམས་ཅན་ཅི་ཙམ་ཞིག་གི་ཤ་ཟོས་ན་ནད་ག་ཚོད་ཅིག་ལ་ཕན་ལུགས་བྲིས་མི་འདུག་གམ།

འགྲོ་བ་མིའི་རིགས་ཀྱི་སྙིང་རྩ་འགག་པ་དང་ཚད་ལས་བརྒལ་བའི་རྒྱགས་པ་ཆགས་པ་སོགས་ནད་རིགས་ཕལ་མོ་ཆེ་ཞིག་དུད་འགྲོའི་ཤ་ཁྲག་ལ་བག་མེད་དུ་ལོངས་སུ་སྤྱད་པ་ལས་བྱུང་ཞིང་། མི་དང་དུད་འགྲོའི་ཁྲག་རིགས་ལ་མི་མཐུན་པའི་ཆ་ཤིན་ཏུ་ནས་ཀྱང་མང་པ་དཔེར་ན། མི་ཞིག་ན་བ་བྱུང་བ་དང་གཤགས་བཅོས་སྐབས་ཁྲག་གིས་མ་འདངས་ཚེ་མི་དེར་དགོས་པའི་ཁྲག་ནི་འགྲོ་བ་མིའི་ཁྲག་རིགས་ཙམ་ཞིག་མ་ཡིན་པར། གང་ཟག་དེ་དང་དེའི་ཁྲག་རིགས་དང་མཐུན་པ་ཞིག་ངེས་པར་དུ་དགོས་པ་མ་གཏོགས། ཛ་དྲག་གི་སྐབས་དེར་དུད་འགྲོ་སེམས་ཅན་ར་ལུག་གི་ཁྲག་དང་ཤ་ཕག་གི་ཁྲག་སོགས་ཀྱིས་མི་དེའི་ཁྲག་གི་སྣོན་མ་བྱེད་མི་རུང་བ་འདིས་ཅི་ཞིག་བསྟན་ཡོད་དམ་ཞེ་ན། དུད་འགྲོའི་ཤ་ཁྲག་གིས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གནད་འགག་གི་སྐབས་སུ་བསླེབས་དུས་མྱུར་སྐྱོབ་བྱེད་ནུས་ཅི་ཡང་མེད་པ་དེ་མཚོན་པ་ལགས།

ལོ་ངོ་ལྔ་སྟོང་ཡས་མས་སུ་བྱུང་བའི་གནའ་བོའི་ཨེ་རྗིབ་ཀྱི་གདོད་མའི་ཆོས་ལུགས་དེས་དུད་འགྲོ་སེམས་ཅན་དང་འགྲོ་བ་མིའི་རྣམ་ཤེས་ཀྱི་སྐོར་ལ་ལྟ་ཚུལ་ཅི་འདྲ་ཞིག་བཟུང་ཡོད་པ་བདག་གིས་ཤེས་ཐབས་བྲལ་ཞིང་། ཁོ་ཚོར་བར་དོ་ཐོས་གྲོལ་ལྟ་བུའི་འགྲོ་བ་མི་ཤི་རྗེས་སུ་བརྒྱུད་དགོས་པའི་གོ་རིམ་ངེས་ཅན་ཞིག་དང་བརྒྱུད་ལམ་དེའི་སྟེང་དུ་འཕྲད་སྲིད་པའི་ལྷ་འདྲེ་མང་པོ་ཞིག་གི་མིང་བྲིས་ཡོད་པ་དེ། ཁོ་བོས་ལོ་ཤས་སྔོན་བར་དོ་ཐོས་གྲོལ་ཞིབ་འཇུག་སྐབས་སུ་དབྱིན་ཡིག་ནང་ཡོད་པའི་ཨེ་རྗིབ་ཀྱི་འཆི་བའི་ལག་དེབ་དེའི་ནང་དུ་རྙེད་སོན་བྱུང་ཞིང་། དེའི་རྗེས་སུ་བྱུང་བའི་ཆོས་བརྒྱུད་ཆེན་པོ་དག་ལས། ཡེ་ཤུ་བ་ཚོ་ནི་སེམས་ཅན་ཡོད་དོ་ཅོག་གི་ཤ་བཟའ་བ་དང་། དུད་འགྲོ་སེམས་ཅན་ནི་དཀོན་མཆོག་གིས་འགྲོ་བ་མི་ལ་གནང་བའི་ཟ་མ་ཙམ་ཞིག་ཏུ་ངོས་འཛིན་བྱེད། ཇུའུ་འམ་ཡ་ཧུ་ད་རྣམས་ཀྱིས་ཕག་ཤ་མ་གཏོགས་པའི་ཤ་རིགས་རྣམས་བཟའ་ཆོག་གི་ཡོད་པ་དང། ཁ་ཆེ་བ་ཚོ་ཡང་ཕག་ཤ་ཙམ་ལ་འཛེམ་པ་མ་གཏོགས་དུད་འགྲོ་གཞན་གྱི་ཟ་བཟའ་བ་དང་། ཧིན་དུ་བ་ཚོས་བ་གླང་གི་ཤ་མ་གཏོགས་ཤ་རིགས་ཕལ་མོ་ཆེ་བཟའ་བ་དང་། ཇེན་ནམ་རྒྱལ་བ་བ་ཚོས་དུད་འགྲོའི་ཤ་རྩ་བ་ནས་མི་བཟའ་བ་དང་། ནང་པ་ཚོར་ཤ་བཟའ་མིན་ཅི་རིགས་ཡོད།

གང་ལྟར་དཀར་ཟས་ཅི་ཙམ་བསྟེན་པ་དེ་ཙམ་གྱིས་འགྲོ་བ་མིའི་རིགས་ཀྱི་སེམས་ལ་ཞི་བདེའི་སྣང་བ་འགོག་མེད་དུ་འབར་ཡོང་ལ། ལུས་ལ་ན་ཚ་ཡང་སྤྱིར་ན་འབྱུང་དཀོན་ཞིང་། གལ་སྲིད་བྱུང་ན་ཡང་དྲག་སླ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དུ་དུད་འགྲོའི་ཚེ་སྲོག་ལ་གཅེས་སྤྲས་ཀྱི་འདུ་ཤེས་གོང་མཐོར་བཏང་སྟེ། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།། ཞེས་པ་དེ་དོན་དང་ལྡན་པ་ཞིག་བྱུང་བ་ཡིན་ན། ནད་རིགས་བཞི་བརྒྱ་རྩ་བཞི་ལས་དུད་འགྲོ་སེམས་ཅན་གྱི་ཤ་ཁྲག་ལས་བྱུང་བའི་ནད་རིགས་ཚབས་ཆེན་དེ་ཚོར་གཡོལ་ཐུབ་པ་ཞིག་འབྱུང་རྒྱུ་སྨྲོས་མི་དགོས་ལ། དེ་བཞིན་འཛམ་གླིང་འདིའི་མཁའ་དབུགས་འདི་ནི་ད་ལྟའི་དུད་འགྲོ་ཉམ་ཆུང་གི་ཚེ་སྲོག་གཅོད་པ་དང་དུད་འགྲོར་མནར་གཅོད་ལས་བྱུང་བའི་དྲི་ངན་སྐྱི་གཡའ་བས་ཡོངས་སུ་ཁྱབ་པ་འདི་ལྟ་བུ་ཞིག་མ་ཡིན་པར། ཞི་བདེ་དྭངས་གཙང་གི་མཁའ་དབུགས་ཞིམ་པོ་ཞིག་གིས་མི་དང་དུད་འགྲོའི་སྤྱི་ཚོགས་གཉིས་ཀར་ཁྱབ་ཐུབ་པ་ཞིག་ཡོང་བའི་རེ་བ་ཅི་ནས་ཀྱང་ཆེ་བ་ལགས་སོ།།

མདོར་ན། སྟོན་པས། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། ཞེས་དང་། བཀའ་གདམས་པའི་དགེ་བཤེས་བློ་བཟང་ཆོས་རྒྱན་གྱིས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་། །བདེ་ལ་ནམ་ཡང་ཆོག་ཤེས་མེད་པ་ནི། །བདག་དང་གཞན་ལ་ཁྱད་པར་ཡོད་པ་མིན་ཞེས།། གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས། །ཞེས་གསུངས་པ་བཞིན། ང་ཚོས་རང་གི་བདེ་སྐྱིད་གཞི་མའམ་འབྱུང་ཁུངས་ཡང་ན་ཆ་རྐྱེན་དེ་མི་གཞན་ནམ་དུད་འགྲོ་གཞན་གྱི་ཚེ་སྲོག་གི་ཆག་འཇིག་གི་སྟེང་ནས་འཚོལ་བའམ་ལེན་པ་འདི་ནི་མ་བརྟག་རང་གའི་སྣང་ངོར་བདེན་བདེན་འགྲིག་འགྲིག་ཅིག་ཏུ་སྣང་མོད། རང་རེའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཞི་བདེའི་ནང་ཆོས་འདིའི་ལྟ་གྲུབ་གཞིར་བཞག་ནས་དཔྱད་ན། གནའ་ནས་དེ་རིང་བར་དུ་བརྒྱུད་པའི་རང་རེའི་མི་ཚེའི་སྐྱེལ་སྟངས་སམ་འཚོ་བའི་སྤྱི་འགྲོས་འདིར་ཤེས་རབ་དང་སྙིང་རྗེས་དབུལ་བའི་ལག་ལེན་མང་པོ་ཞིག་ཡོད་པའི་ཁྲོད་ནས་ཚབས་ཆེ་ཤོས་དེ་ནི་རང་གི་བདེ་བའི་ཆེད་དུ་གཞན་གྱི་སྡུག་བསྔལ་ལ་ཅི་མི་སྙམ་པའི་བསམ་བློ་དེ་རེད། དཔེར་ན་བོད་དུ་ཐེག་པ་ཆེན་པོ་ཆེན་པོ་གསང་སྔགས་དང་བཅས་པའི་བསྟན་པ་མ་དར་བའི་ཡར་སྔོན་གྱི་བོད་མིའི་བཟའ་བཅའ་དང་། རྗེས་སུ་ནང་བསྟན་དར་བའི་སྐབས་ནས་དེ་རིང་ལ་ཐུག་གི་བར་གྱི་བཟའ་བཅའི་རིགས་ལས་དུད་འགྲོ་སེམས་ཅན་གྱི་ཤ་ཁྲག་ཚིལ་གསུམ་ལ་རོལ་བའི་ལུགས་སྲོལ་འདིར་མཚོན་ན། སྟོང་ལོ་གསར་པའི་སྐབས་ཤིག་ནས་མ་གཏོགས་གཞི་རྩའི་ཆ་ནས་འགྱུར་བ་ཅི་ཡང་མ་བྱུང་བ་ལྟ་བུར་མངོན།

གང་ལྟར་ཐེངས་འདིའི་ཏོག་དབྱིབས་སམ་པྲོག་དབྱིབས་ཀྱི་ཡམས་ནད་འཇིགས་སུ་རུང་བ་འདིར་མཚོན་ན། གསར་འགྱུར་བརྒྱུད་ལམ་ཕལ་མོ་ཆེས་མ་མགྲིན་གཅིག་གིས་དུད་འགྲོ་སེམས་ཅན་ལས་བྱུང་བར་བསྒྲགས་དང་སྒྲོག་བཞིན་མཆིས་ལ། བདག་གིས་རྩོམ་ཡིག་འདི་འབྲི་བཞིན་པའི་སྐབས་ཀྱི་དེ་རིང་ལ་མཚོན་ན། ཨ་རིར་ནད་པ་ཁྱོན་བསྡོམས་༢༣༩༤༠ དང་གྲོངས་ཟིན་པ་༣༠༡ ནད་ལས་ཐར་པ་༡༧༡ ཙམ་བྱུང་ཡོད་ཅིང་། ཕལ་ཆེར་ཉི་མ་རེ་རེར་ནད་པ་གསར་པ་སྟོང་ཕྲག་ཁ་ཤས་རེ་འབྱུང་གིན་འདུག འགྲོ་བ་མིའི་ལོ་རྒྱུས་རིང་མོའི་ཁྲོད་དུ། སྤྱི་ལོ་ ༡༩༡༨ ལོའི་སི་ཕན་གྱི་ནད་ཡམས་ཞེས་པའི་འཇིགས་སུ་རུང་བ་དེ་འཛམ་གླིང་ཧྲིལ་བོར་ཁྱབ་ནས་འགྲོ་བ་མི་ས་ཡ་ལྔ་བཅུ་ཙམ་འདས་གྲོངས་སུ་ཕྱིན་འདུག་ལ། དེ་ལས་གཞན་པའི་ནད་ཡམས་ཀྱང་འདྲ་མིན་ཞིག་འཛམ་གླིང་ལ་ཁྱབ་ནས་འགྲོ་བ་མིའི་ཚེ་སྲོག་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད། ཐེངས་འདིའི་ནད་ཡམས་ལ་མཚོན་ན་སྔོན་ཆད་ཀྱི་ནད་ཡམས་དེ་དག་བྱུང་སྐབས་དང་གཏན་ནས་མི་འདྲ་སྟེ། དེང་སྐབས་འཛམ་གླིང་གཅིག་ལ་གཅིག་བརྟེན་གྱི་འཚོ་ཐབས་ཤིག་གི་ནང་དུ་འགྲོ་བ་མི་རྣམས་གནས་ཡོད་པས། ཉི་མ་རེ་རེ་བཞིན་མི་ས་ཡ་དུ་མ་འགྲུལ་བཞུད་བྱེད་བཞིན་ཡོད་ལ། འགྲོ་བ་མི་ཕལ་མོ་ཆེ་དང་ཁྱད་པར་དུ་གྲོང་ཁྱེར་དང་གྲོང་བརྡལ་གྱི་མི་ཚང་མའི་འཚོ་བ་དེ་གཞན་ལག་བརྒྱུད་ནས་ཡོང་དགོས་པ་ཞིག་ཆགས་ཡོད་པས། ཏོག་དབྱིབས་ནད་ཡམས་འདི་ཧ་ཅང་ལས་སླ་བོའི་སྒོ་ནས་རང་རེ་འགྲོ་བ་མི་རྣམས་འཆི་ལམ་དུ་རྫོང་ཐུབ་པ་ཞིག་རེད། ཁྱེད་ཀྱིས་རང་ཉིད་ལ་ཉེན་ཁ་མེད་བསམ་མི་རུང་ལ། ཐེངས་འདིར་ཁྱེད་དང་ངེད་གཉིས་ལ་ནད་ཡམས་མི་འཕོག་པའི་གདེང་ཚོད་མེད་ལ་ཕོག་ནས་དྲགས་པའི་ཁ་ཚོན་ཡང་སུས་གཅོད་ནུས། དེ་བས་ཧ་ཅང་འཕྱིས་དྲགས་ཟིན་ན་ཡང་། རང་རེ་འགྲོ་བ་མི་རྣམས་ཀྱིས་མ་རྒན་དུད་འགྲོ་སེམས་ཅན་དེ་ཚོར་སྙིང་ཐག་པ་ནས་པུས་མོ་སར་བཙུགས་ཏེ། དགོངས་དག་ཐུགས་བདེན་མཐོལ་བཤགས་བཟོད་གསོལ་ལན་གསུམ་རེ་ཞུ་དགོས་པར་བསམས་ཤིང་། དགེ་སྡིག་ལས་འབྲས་ཆུད་མི་བཟའ་བའི་ཆོས་ཉིད་ཀྱི་བདེན་སྟོབས་བཙན་པོའི་མཐུ་དཔུང་ལ་བརྟེན་ནས། ང་ཚོའི་འགྱོད་ཚངས་ཆེན་པོའི་ཆོ་ག་དེ་ཚོ་གཉེན་པོ་སྟོབས་བཞི་ཚང་བའི་རྣམ་པར་དག་པ་ཞིག་ཡིན་ན་ནི། ཏོག་དབྱིབས་ནད་ཡམས་འདི་ཡང་ཁྱབ་བརྡལ་དུ་མི་འགྲོ་བར་ང་ཚོའི་ཚེ་སྲོག་རྟ་རྔ་ལས་ཉག་ཕྲ་ཞིང་མར་མེ་ལས་དགྲ་མང་བ་འདི་རེ་ཞིག་འཚོ་གནས་ཐུབ་པར་འདོད་དོ།།

སྤྱི་ལོ ༡༩༨༠ གྱ་གྲངས་ནང་གི་བརྩམས་སྒྲུང་ཞིག་ལས་ཏོག་དབྱིབས་ནད་གསར་ལུང་བསྟན་ཡོད་པ་དང་། སྤྱི་ལོ་ ༢༠༡༥ ལོའི་འཛམ་གླིང་གི་ཕྱུག་བདག་སྦིལ་སྒེ་ཚེས་ TED སྟེགས་བུར་སྤེལ་བའི་གཏམ་བཤད་ཅིག་ཏུ་ཡང་ནད་ངན་འདི་འདྲ་ཞིག་འབྱུང་རྒྱུ་ཡིན་པའི་ཚོད་དཔག་གནང་ཡོད་ཀྱང་། ང་ཚོ་མ་རིག་རྨོངས་པའི་དབང་དུ་གྱུར་ཏེ་སྔར་བཞིན་དུད་འགྲོ་སེམས་ཅན་ཁ་གྲགས་མི་ཤེས་པ་འདི་ཚོར་སྡུག་བསྔལ་སྤྲོད་རྒྱུར་བྲེལ་བའི་དབང་གིས། འཆི་བདག་གི་རང་གི་སྒོ་དྲུང་དུ་མ་བསླེབས་བར་དུ་རྨོངས་འཐོམ་གྱིས་ཡོངས་སུ་བསྒྲིབས་འདུག་པ་འདི་ནི་ཀྱེ་མ་ཀྱེ་ཧུད། ད་ནི་སྔོན་ཆད་རྒྱ་དམག་བོད་དུ་ལྷགས་པའི་སྐབས་ལྟ་བུར་གུ་རུ་རིན་པོ་ཆེས་ལུང་བསྟན་པའི་སྦས་ཡུལ་དབེན་ས་དེ་འདྲ་སྙོགས་ཡུལ་ནི་མེད། རང་གི་འཁྱག་སྒམ་ནང་དུ་ཟ་མ་རེ་གྲ་སྒྲིག་བྱས་ཀྱང་ཟླ་བ་གཅིག་ལས་ལྷག་པའི་རིང་ལ་ཉར་སའི་ས་ཆ་ནི་མེད། ཕྱི་རུ་འགྲོ་བར་འཆི་བར་འཇིགས་ཤིང་ནང་དུ་སྡོད་རྒྱུར་མུ་གེས་མནར་ནས་སྡུག་བསྔལ་ཆེན་པོ་ཞིག་མྱོང་རྒྱུ་ཡིན་པ་ཧ་ཅང་གསལ་བོ་ཞིག་ཡིན་པས། སྟོན་པ་ཐུགས་རྗེ་ཅན་དང་གུ་རུ་རྫུ་འཕྲུལ་ཅན། ཆོས་བརྒྱུད་རང་རང་གི་བླ་མ་བྱིན་རླབས་དེ་ཚོས་གསུངས་པའི་འཆི་བ་ཆོས་སྐུའི་ཉམས་ལེན་དང་རྣམ་ཤེས་དག་ཞིང་དུ་མདའ་འཕངས་པ་ལྟར་བགྲོད་ཐུབ་པའི་ཟབ་ལམ་འཕོ་བའི་ཉམས་ལེན་དེ་ཚོ་མ་གཏོགས་སྐྱབས་བཅོལ་ས་ཞིག་སྒོ་ཕྱི་ནང་གང་དུ་ཡང་མེད་པ་ཐག་གིས་ཆོད་པས། འཇིག་རྟེན་འདི་ལ་ཞེན་ཆགས་ཀྱི་བློ་ངན་མཁྲེགས་པོ་འདི་བཤིག་ཅི་ཐུབ་དང་། སྐྱེ་བ་ཕྱི་མར་མ་རྒན་དུད་འགྲོ་སེམས་ཅན་དེ་ཚོའི་ཤ་ཁྲག་ལ་ལོངས་སུ་མ་སྤྱད་ན་གསོན་པར་གནས་མི་ཐུབ་པའི་མི་གཟུགས་སྲིན་སེམས་ཅན་འདི་འདྲ་ཞིག་ཏུ་ནམ་ཡང་མི་སྐྱེ་བའི་སྨོན་ལམ་ནན་ཏན་དུ་འདེབ་རྒྱུ་མ་འཆུགས་ཨང་། འོད་དཔག་མེད་ཀྱིས་མཁྱེན།།

བསྐྱར་བཅོས།: ༢༠༢༠/༠༣/༢༣

Leave a Reply