རྒྱ་ནག་གཞུང་ཁྲིམས་གཏུག་བྱེད་མཁན་ཇེ་མང་དུ་འགྲོ་ཡི་འདུག

ཨ་རིའི་ནང་གི་ཚོགས་པ་གཉིས་ཀྱིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྦེད་གསང་བྱས་ཏེ་མི་མང་པོའི་ཚེ་སྲོག་ཤོར་བ་དང་ན་བ་སོགས་མིའི་རིགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་པར་གུན་གསབ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༢༠(20Trillion) སྤྲོད་དགོས་པའི་ཁྲིམས་གཏུག་བྱས་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་ཁྲིམས་རྩོད་པ་ལེ་རེ་ཁལ་མན་ལགས་ཀྱིས་གཙོ་གཉེར་བྱེད་བཞིན་པའི་རང་དབང་ལྟ་ཞིབ་ཚོགས་པ་དང་། ཊག་སཱ་སིའི་ནང་རྟེན་གཞི་བྱས་པའི་(Buzz Photos)ཞེས་པའི་པར་རིས་གསར་ཁང་གཉིས་ཀྱིས། ཏོག་དབྱིབས་ནད་ཡམས་དང་འབྲེལ་རྒྱ་ནག་གཞུང་དང་རྒྱ་ནག་གི་དམག་མི། དེ་བཞིན། ཝུ་ཧན་ནང་གི་རྒྱ་ནག་གི་ཆེས་མཐོའི་ནད་ཡམས་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དང་དེའི་འགན་འཛིན་ཧྲི་ཀྲན་ལི། རྒྱ་ནག་གི་སྤྱི་ཁྱབ་དམག་དཔོན་ཁྲིན་ཝི་(Chen Wei)བཅས་ཨ་རིའི་གཞུང་ལ་ཁྲིམས་གཏུག་བྱེད་བཞིན་ཡོད་འདུག

ཨ་རིའི་གཞུང་ལ་ཁྲིམས་གཏུག་བྱེད་མཁན་ཚོགས་པ་དེ་གཉིས་ཀྱིས། ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་རྒྱ་ནག་གཞུང་དང་དེ་འབྲེལ་གྱི་ཚོགས་པ་དེ་དག་གིས་གཡོ་བྱུས་འཐེན་ཏེ། འཇིགས་སྐུལ་པར་དངོས་རྫས་མཐུན་སྦྱོར་གྱིས་མི་མང་སྡེབ་གསོད་ཀྱི་ལས་གཞི་བརྩམས་པ་དང་། ཨ་རིའི་མི་མང་དོན་མེད་དུ་བསད་པ་དང་ནད་པ་བཟོས་པ། དེ་བཞིན། ནད་ཡམས་ལ་སྣང་མེད་བཏང་བ་དང་། དྲག་རྒོལ་བྱས་པ། དམག་འཁྲུག་བསླངས་པ་བཅས་ཀྱི་ཉེས་འཛུགས་འོག ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༢༠ གུན་གསབ་ཏུ་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་མ་ཟད། ཐེངས་འདིའི་ཏོག་དབྱིབས་ནད་དུག་ནི་རྒྱ་ནག་གཞུང་གི་གྲ་སྒྲིག་བྱས་པའི་སྐྱེ་དངོས་རྫས་སྦྱོར་མཚོན་ཆ་ཞིག་ཡིན་པའི་ཉེས་འཛུགས་བྱེད་བཞིན་ཡོད་པ་རེད།

ཨ་རིའི་རང་དབང་ལྟ་ཚོགས་པ་དང་པར་རིས་གསར་ཁང་དེ་གཉིས་ཀྱིས། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ནང་བཞིན་གྱི་ནད་ཡམས་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གཅིག་ལས་མེད་པ་དང་དེ་ནི་ཝུ་ཧན་ནང་གི་ལྟེ་གནས་དེ་ཡིན་ལ། ཝུ་ཧན་ནད་ཡམས་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གིས་ཏོག་དབྱིབས་ནད་ཡམས་ཕྱིར་ཁྱབ་སྤེལ་བཏང་བ་མ་ཟད། ནད་ཡམས་དེ་ནི་ཕྱི་ལོ་ ༡༩༢༥ ལོར་བཀག་སྡོམ་བྱས་པའི་སྐྱེ་དངོས་རྫས་སྦྱོར་གྱི་མཚོན་ཆ་ཞིག་སྟེ། རྒྱ་ནག་གཞུང་ནས་མི་མང་སྡེབ་གསོད་ཀྱི་འཆར་གཞི་བསྒྲིགས་ཡོད། ཅེས་བརྗོད་ཡོད་པ་རེད།

གཞན་ཡང་ཚོགས་པ་དེ་གཉིས་ནས་རྒྱལ་སྤྱིའི་སྟེང་འཇིགས་སྐུལ་རིང་ལུགས་ཏུ་གྱུར་ཡོད་པའི་རྒྱ་ནག་གཞུང་ཁྲིམས་གཏུག་བྱེད་མཁན་གྱི་ཚོགས་སྡེ་ཁག་མཉམ་འབྲེལ་བྱས་ཏེ། ཁྲིམས་གཏུག་རྒྱུན་སྐྱོང་བྱ་རྒྱུ་གལ་ཆེན་ཡིན་པ་དང་། རྒྱ་ནག་གཞུང་སྲུང་སྐྱོབ་བྱེད་མཁན་ཚོས་རྒྱལ་སྤྱིའི་སྟེང་གི་འཇིགས་སྐུལ་གྱི་བྱ་སྤྱོད་འདི་རྒྱུན་སྐྱོང་བྱེད་འདོད་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ད་རེས་ནི་ཨ་རིའི་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་རྒྱ་ནག་གཞུང་ཁྲིམས་གཏུག་བྱས་པ་ཐེངས་གཉིས་པ་དེ་ཆགས་དང་། དེ་བཞིན་རྒྱ་གར་མངའ་སྡེ་བྷི་ཧར་ནང་གི་ཁྲིམས་རྩོད་པ་ཞིག་གིས་ཀྱང་རྒྱ་ནག་གཞུང་ཁྲིམས་གཏུག་བྱས་ཡོད་པ་སོགས་འཛམ་གླིང་ནང་རྒྱ་ནག་གཞུང་ཁྲིམས་བྱེད་མཁན་མི་སྒེར་དང་ཚོགས་སྡེ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༢༥

Leave a Reply

One thought on “རྒྱ་ནག་གཞུང་ཁྲིམས་གཏུག་བྱེད་མཁན་ཇེ་མང་དུ་འགྲོ་ཡི་འདུག