ཡང་རྒྱ་ནག་ནང་ནད་ཡམས་གཞན་ཞིག་བསླེབས་འདུག

རྒྱ་ནག་གཞུང་ནས་ཧན་ཊ་ནད་ཡམས་ཞེས་པ་ཞིག་བྱུང་སྟེ་མི་གཅིག་རྐྱེན་འདས་དང་མི་དེར་འབྲེལ་འདྲིས་བྱུང་བའི་འགྲུལ་བ་ ༣༢ ལ་བརྟག་དཔྱད་བྱས་སྐོར་བསྒྲགས་ཡོད་ཀྱང་དེ་འབྲེལ་གྱི་སྤྱི་ཚོགས་གླེང་བརྗོད་ལ་བཀག་སྡོམ་བྱེད་ཀྱི་ཡོད་འདུགཁ་སང་ཕྱི་ཚེས་ ༢༤ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ཡུན་ནན་ཞིང་ཆེན་ནས་ཡིན་པའི་མི་ཞིག་ལ་ཧན་ཊ་ནད་ཡམས་(Hantavirus)ཞེས་པའི་འགོས་ནད་ཅིག་བྱུང་སྟེ་འདས་གྲོངས་སུ་སོང་ཡོད་པ་དང་། ད་ལྟའི་ཆར་མི་དེ་དང་མཉམ་དུ་འགྲུལ་བཞུད་བྱེད་མཁན་ ༣༢ ལ་འགོས་ནད་དེ་བྱུང་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་ཀྱང་། བརྟག་དཔྱད་གྲུབ་འབྲས་ག་འདྲ་ཐོན་ཡོད་སོགས་ཕྱིར་བསྒྲགས་བྱས་མེད་འདུག

གནད་དོན་དེའི་སྐོར་ལ་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བའི་གནས་ཚུལ་ནང་། ཧན་ཊ་ནད་ཡམས་བྱུང་ཡོད་པའི་མི་དེ་ཡུན་ནན་ནས་རྒྱ་ནག་ཧྲན་ཏུང་ཞིང་ལ་ལས་གཉེར་དུ་སོང་བའི་ལམ་བར་ནས་ན་ཡོད་པ་དང་། ཧྲན་ཏུང་ལ་བསླེབས་རྗེས་ཏོག་དབྱིབས་ནད་ཡམས་ཡོད་མེད་ཐད་བརྟག་ཞིབ་བྱེད་སྐབས། ཧན་ཊ་ནད་ཡམས་ཡིན་པའི་ནད་རྟགས་ཐོན་ཡོད་པ་དང་། མི་དེ་དང་འགྲུལ་སྐྱེལ་རླངས་འཁོར་གཅིག་པའི་འགྲུལ་བ་ ༣༢ ཡོད་པ་ཚང་མར་བརྟག་དཔྱད་བྱས་ཡོད་སྐོར་བརྗོད་འདུག

ཡང་རྒྱ་ནག་གཞུང་འབྲེལ་འགོས་ནད་འགོག་བཅོས་ལས་ཁུངས་ཟེར་བའི་དྲ་རྒྱའི་སྟེང། ཧན་ཊ་ནད་ཡམས་ནི་འདུས་གྲུབ་ཀྱི་འགོས་ནད་(family of viruses)ཅིག་ཡིན་པ་དང་།  འགོས་ནད་དེ་རླུང་ཁམས་བརྒྱུད་མི་ལ་འགོས་མི་ཐུབ་ན་ཡང་། འགོས་ནད་དེ་བྱུང་བའི་མིའི་ལུས་པོར་ཐུག་འཕྲད་བྱུང་བ་དང་། འགོས་ནད་ཅན་གྱི་མིའི་གཡོ་ཆས་དང་ཁ་ལུད་སྣ་ལུད་སོགས་བརྒྱུད་ནས་འགོས་བཞིན་ཡོད་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ནང་སླར་ཡང་འགོས་ནད་གསར་པ་ཞིག་བསླེབས་ཡོད་པའི་འཇིགས་སྐྲག་དང་། གནས་ཚུལ་དེའི་སྐོར་ལ་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། གཞུང་གིས་སྤྱི་ཚོགས་དྲ་ལམ་ཁག་ནང་ཤུགས་ཆེར་ཁྱབ་བཞིན་པའི་གནསཚུལ་ཁག་ཅིག་ནག་གསུབ་དང་དམ་དྲག་བྱེད་ཀྱི་ཡོད་འདུགཁ་ན་ཌའི་གོ་ལའི་གསར་ཁང་གི་དེའི་སྐོར་གྱི་གནས་ཚུལ་ནང་། ཡུལ་དེའི་ཨལ་བྷལ་ཊཱ(Alberta)གཙུག་ལག་སློབ་གཉེར་ཁང་གི་འགོས་ནད་ཆེད་མཁས་སྨན་པ་(Dr. Stephanie Smith)ཡིས། ནད་ཡམས་དེ་ཨ་རི་དང་ཁ་ན་ཌའི་ནང་དུ་ཡང་ཡང་མཐོང་རྒྱུ་ཡོད་པ་ཞིག་ཡིན་པ་དང་།་དེ་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་ལྟར།་མི་དང་མི་བརྒྱུད་ནས་ཤུགས་ཆེན་པོ་དང་ལས་སླ་བོས་འགོས་ཐུབ་པ་ཞིག་མིན་སྐོར་བརྗོད་ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༨ ལོར་པཱ་ནཱ་མཱ་རྒྱལ་ཁབ་ནང་མི་གྲངས་ ༡༠༠ ལྷག་ལ་ནད་ཡམས་དེ་བྱུང་ཡོད་ན་ཡང་། སྐབས་དེར་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་ཡམས་དེ་དུས་ལྟར་ཚོད་འཛིན་ཐུབ་ཀྱི་ཡོད་པས་ཛ་དྲག་མིན་པའི་གསལ་བསྒྲགས་བྱས་ཡོད་འདུག

ཡིན་ན་ཡང་། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཐད་གྲུབ་འབྲས་བྱུང་ཡོད་སྐོར་བརྗོད་ནས་ཅུང་ཙམ་ལས་མ་སོང་བར། ཧན་ཊ་ནད་ཡམས་བྱུང་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། མི་མང་གིས་དྲ་ལམ་ཁག་ཏུ་ནད་ཡམས་དེའི་སྐོར་ལ་གླེང་སློང་ཤུགས་ཆེར་བྱས་རྐྱེན། གནས་ཚུལ་གཞན་ཕྱིར་བསྒྲགས་བྱེད་པར་ཚོད་འཛིན་དང་འགོས་ནད་ཅན་དང་མཉམ་དུ་འགྲོ་མཁན་ཚོའི་བརྟག་དཔྱད་གྲུབ་འབྲས་ཕྱིར་བསྒྲགས་བྱས་མེད་པ་སོགས་ནི་ཉེན་ཁ་ཆེན་པོ་ཡིན་པ་མ་ཟད། ཐོག་མར་མི་དེར་ནད་ཡམས་དེ་གང་ནས་བྱུང་བ་སོགས་གསལ་ཁ་མེད་པ་ཡིས། ནད་ཡམས་དེ་མི་མང་ཁྲོད་ཁྱབ་བརྡལ་འགྲོ་བར་ཉེན་ཁ་ཆེན་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་འདུག

ཧན་ཊ་ནད་ཡམས་ནི་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་ཨ་རི་ནས་བྱུང་མགོ་ཚུགས་ཡོད་པ་དང་། ནད་ཡམས་དེའི་འབྱུང་ཁུངས་ཙི་ཙི་ཡིན་སྐོར་བསྒྲགས་ཡོད་པ་དང་།

ཕྱི་ལོ་ ༡༩༩༦ ལོར་ནད་ཡམས་དེ་མི་ནས་མི་ལ་བརྒྱུད་ནས་འགོས་པའི་ནད་དུག་ཅིག་ཡིན་པ་ཨར་རྗིན་ཊི་ནཱ(Argentina)རྒྱལ་ཁབ་ནང་ཤེས་རྟོགས་བྱུང་ཡོད་འདུག ནད་ཡམས་ཆེད་མཁས་པ་ཚོས་འགོས་ནད་དེའི་ནད་རྟགས་གཙོ་བོ་ལུས་པོ་ཐང་ཆད་པ་དང་ངལ་དུབ་བྱུང་བ། ལུས་ཀྱི་ཤ་གནད་ཡོད་ས་ཁག་ཏུ་ན་ཟུག་ཡོང་བ། མགོ་ན་བ་དང་ཚ་བ་རྒྱས་པ། དབུགས་གཏོང་ལེན་ལ་དཀའ་ངལ་འཕྲད་པ། ཞེ་མེར་ལངས་པ་སོགས་ཡོང་གི་ཡོད་པ་དང་། ནད་དེའི་གནོད་སྐྱོན་ཐེབས་ས་གཙོ་བོ་སྙིང་ཡིན་སྐོར་བཅས་བརྗོད་འདུ

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༢༥

Leave a Reply

One thought on “ཡང་རྒྱ་ནག་ནང་ནད་ཡམས་གཞན་ཞིག་བསླེབས་འདུག

  1. བསོད་ནམས་རྒྱལ་མཚན།

    ཐུ ཐུ ད་ཡིན་ན་ རྣམ་རྟོགས་སློང་སོང་། ནད་ཡམས་གཅིག་ མཇུག་མ་སྒྲིལ་དགོང་ནས་གཅིག ཁྲིམ་གཏུགས་ལ་ལམ་ལྷོང་ཡོང་བར་ཤོག