ཏོག་དབྱིབས་ནད་དུག ༡༩ ( covid-19 ) དཔྱད་གཏམ་གཉིས་པ།

རྒྱལ་རོང་ཐུབ་བསྟན་རྒྱ་མཚོ།

 ངོ་སྤྲོད

སྤྱི་ལོ ༢༠༡༩ ཟླ ༡༢ བའི་ཟླ་མཇུག་ནས (Wuhan, l’épicentre du coronavirus)རྒྱ་ནག་ཧོ་པེའུ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནས་ཐོག་མར་དར་ཁྱབ་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་བ་ཀོ་རོ་ནཱ་ཝ་རོ་སི་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀོ་ཝུད༡༩ བ (covid-19)ཞེས་བཏགས་ཡོད། Co = Corona ཏོག་དབྱིབས Vi = Virusགཉན་སྲིན D=Disease ན་ཚའི་སྤྱི་མིང་ཡིན།

ད་ལྟ་རང་ལ་ཧྥ་རན་སིའི་བརྙན་འཕྲིན་གསར་ཁང ( LCI )དང་བུད་མེད་འཕྲོད་བསྟེན་དྲ་ཚིགས་སུ་བཀོད་ཟིན་པའི་དཔྱད་རྩོམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན་འཛམ་གླིང་ནང་དུ་ཏོག་དབྱིབས་ནད་ཡམས་་ཁྱབ་སའི་རྒྱལ་ཁབ ༡༦༨ བྱུང་་ཡོད་འདུག

ཏོག་དབྱིབས་རིམས་ནད་འགོས་ཡོད་པ་གཏན་ཁེལ་བྱུང་བའི་ནད་པའི་གྲངས་འབོར ༣༨༢༠༠༠ རེད། ཏོག་དབྱིབས་དུག་སྲིན་གྱི་ནད་ཡམས་་འོག་ཏུ་མི ༡༦༥༨༧ འདས་གྲོངས་ཕྱིན་ཡོད། རྒྱ་ནག་གཞུང་གིས་ཏོག་དབྱིབས་དུག་སྲིན་ནད་ཡམས་དང་འབྲེལ་བའི་གནས་ཚུལ་སྤེལ་པར་གཞིགས་ན་མིག་སྔར་ཏོག་དབྱིབས་ནད་དུག་་ཕོག་པའི་ནད་པའི་གྲངས་འབོར ༨༡༢༧༦ བྱུང་བའི་ཁྲོད་ནས་འདས་གྲོངས་སོང་བའི་མི ༣༢༧༦ མ་གཏོགས་བྱུང་མེད་ལུགས་ཅེས་བརྗོད་ཡོད་ཀྱང་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་ཚོས་གོང་གསལ་གནས་ཚུལ་དེ་དག་དངོས་ཐོག་བདེན་འཚོལ་བྱས་ཐུབ་མེད། ཧྥ་རན་སི་བརྙན་འཕྲིན་ཁང C. News གིས་དྲ་ལམ་གསར་འགྱུར་ནང་འཁོད་དོན་རྒྱ་ནག་གཞུང་གིས་རྩིས་པའི་ནད་པའི་གྲངས་འབོར་ནང་ཏོག་དབྱིབས་ནད་དུག་་ཕོག་ཡོད་ཀྱང་ནད་རྟགས་མི་མངོན་མཁན་ནད་པ ༤༠༠༠༠ ལྷག་གོང་གི་གྲངས་འབོར་ནང་དུ་ཚུད་མེད་ཅེས་བརྗོད་འདུག ཏོག་དབྱིབས་ནད་དུག་གསར་བ་འདི་ཐོག་མར་རྒྱ་ནག་ནས་བྱུང་བ་ཡིན་རུང་་ད་ཆ་འཛམ་གླིང་རྒྱལ་ཁབ ༡༦༨ ནང་དུ་ཁྱབ་གདལ་འགྲོ་དང་འགྲོ་མུས་ཡིན་སྟབས་ཡོངས་ཁྱབ་ནད་ཡམས (pandemie) ཞེས་མིང་བཏགས་ཡོད། ཡུ་རོབ་ནང་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེས་ཤོས་ནི་་ཨེས་ཁྲ་ལེ་ཆགས་ཡོད། དཔེར་ན་ཏོག་དབྱིབས་ནད་དུག་ཕོག་ཟིན་པའི་ནད་པའི་གྲངས་འབོར ༦༣༩༢༧ ཙམ་བྱུང་ཡོད། བྱང་ཨ་མི་རི་ཀར་ནད་པའི་གྲངས་འབོར ༤༦༤༥༠ བྱུང་ཡོད། ཡུ་རོབ་སེ་པན་རྒྱལ་ཁབ་ནང་ལ་ནད་པའི་གྲངས་འབོར ༣༥༡༣༦ ཟིན་ཡོད། འཇར་མན་ནེའི་རྒྱལ་ཁབ་ནང་དུ་ནད་པའི་གྲངས་འབོར ༢༩༠༥༦ ཙམ་བྱུང་ཡོད། དཀྱིལ་ཤར་རྒྱལ་ཁབ་ཨེ་རན་ནང་ནད་པའི་གྲངས་འབོར ༢༣༠༤༩ ཡོད་ས་རེད་འདུག ཧྥ་རན་སིར་ནད་པའི་གྲངས་འབོར ༢༠༡༢༨ ཟིན་ཡོད། དེ་ནས་ལྷོ་ཀོ་རི་ཡའི་རྒྱལ་ཁབ་ནང་དུ་ནད་པའི་གྲངས་འབོར ༩༠༣༧ ལས་ཟིན་མེད་རེད་འདུག

འཛམ་གླིང་གི་འགྲོ་བ་མིའི་ཞི་བདེའི་དུས་སྐབས་གཅིག་གི་ལོ་རྒྱུས་ཁྲོད་འདི་ལྟ་བུའི་་ཛ་དྲག་པོ་དང་དམ་དྲག་ཤུགས་ཆེན་པོ་བྱེད་དགོས་པ་དེ་ཐོག་མར་གྱུར་ཡོད་འདུག ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་མགྱོགས་ཚད་མར་གཅོག་ཐབས་སུ་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་མི་་རྒྱལ་ཁབ་ཀུན་གྱིས་རྒྱལ་མཚམས་་ཡོངས་སུ་སྒོ་རྒྱག་དགོས་པ་བྱུང་ཡོད།

ཏོག་དབྱིབས་ནད་དུག་ཕོག་པའི་ནད་རྟགས།

༡ མགོ་དང་ཚིགས་གཞི་ན་བ།
༢ ཧབ་སྤྲིད་རྒྱག་པ།ནད་པའི་ཁ་ཆུ་དང་སྣ་ཆུ་སོགས་བར་སྣང་ཁམས་སུ་ཐོར་བའི་ཟིལ་བ་ཕྲ་མོ་གཉན་སྲིན་འདིས་བསླད་པ་རྣམས་(postillon) བར་སྣང་དེར་ཆུ་ཚོད་གཉིས་ནས་གསུམ་ཙམ་རིང་འཚོ་ཐུབ་པར་ཤེས་རྟོགས་བྱུང་ཡོད་འདུག
༣ ཚ་བ་ཤུགས་ཆེན་རྒྱས་པ།
༤ ལུས་ཡོངས་ལ་ཟུག་གཟེར་གཏོང་བ།
༥ ལུས་ལ་་ཉོབ་སྣང་སྐྱེས་པ།
༦ སྐམ་གློ་ལུ་བ།
༧ མིད་པར་ན་ཟུག་གཏོང་བ།
༨ དབུགས་གཏོང་ལེན་བྱེད་དཀའ་བ།
༩ སྣ་ལ་དྲི་མི་ཚོར་བ།
༡༠ ཁ་ཟས་བྲོ་བ་མྱོང་མི་ཐུབ་པ།
༡༡ ཏོག་དབྱིབས་ནད་དུག་འགོས་ཟིན་པའི་ནད་པས་ལག་པ་འཆང་མྱོང་པའི་འགྱིག་ཆས་རིགས་ལ་གཉན་སྲིན་རྣམས་ཉི་མ་གཉིས་ནས་གསུམ་བར་འཚོ་ཐུབ་པར་བཤད།
༡༢ མི་ཁ་ཤས་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་རུང་ནད་རྟགས་དངོས་སུ་མི་མངོན་མཁན་ཡོད་སྟབས་ནད་པ་དེའི་རིགས་ཀྱིས་མི་གཞན་པ ༣ ཙམ་ནད་དུག་ཕར་འགོ་ཐུབ་ཀྱིན་ཡོད། དེ་ཉེན་ཁ་ཆེན་པོ་རེད་འདུག
༡༣ ཏོག་དབྱིབས་ནད་དུག་ཕོག་ཏེ་ཉིན་བཞི་ལྔ་ནས་ཉི་མ་བཅུ་བཞི་རིང་ལ་ནད་རྟགས་ཕྱིར་མི་མངོན་པ་དེ་འདྲ་ཡང་ཡོང་གི་འདུག
༡༤ ཏོག་དབྱིབས་ནད་ཡམས་ཕོག་སའི་རིགས་གཅིག་ལ་གྲོད་ཁོག་བཤལ་བ། ཁོག་པ་ནང་དུ་ན་ཟུག་གཏོང་བ།
༡༥ ནད་པ་ཁ་ཤས་ཀྱི་ཚོར་སྣང་ལ་གློ་བའི་སྟེང་དུ་ཅ་དངོས་ལྩི་མོ་བཞག་ཡོད་པའི་ཚོར་སྣང་ཡོང་།

གཤམ་གསལ་གྱི་མི་རྣམས་ལ་ཏོག་དབྱིབས་ན་ཚ་འགོས་སླ་བ་ཡིན

༡ ཏོག་དབྱིབས་དུག་སྲིན་གྱི་ན་ཚ་ཕོག་སླ་བའི་ (population à risque) རིགས་ནི་ལོ་ ༧༠ ཡན་ལོན་པའི་མི་རྣམས་དང་།
༢ གློ་བའི་དབུགས་གཏོང་ལེན་ལ་དཀའ་ངལ་ཡོད་མཁན།
༣ ལུས་ཀྱི་ཟུངས་སྟོབས་ཞན་པའི་རིགས།
༤ ནད་འགོག་མ་ལག་གི་ནུས་ཤུགས་ཞན་པའི་རིགས (Système immunitaire affaibli ).
༥ མཁལ་གཅོང་ཡོད་པའི་ནད་པ་རིགས་དང་མཆིན་པ་མཁྲེགས་གྱུར་གྱི་རིམ་པ་གཉིས་པར་བསླེབས་ཟིན་པའི་རིགས (de cirrhose au stade 😎 ལ་འགོས་ཉེན་ཤུན་ཏུ་ཆེ།
༦ སྙིང་གི་ནད་གཞི་ཡོད་མཁན།
༧ གཅིན་སྙིའི་ནད་གཞི་ཡོད་མཁན།
༨ འབྲས་སྐྲན་གྱི་སྨན་བཅོས་འོག་ཡོད་བཞིན་པའི་ནད་པ་རིགས།
༩ ཕྲུ་གུ་སྐྱེ་རན་ཡོད་པའི་སྤྲུམ་མ།

མི་སོ་སོས་སྔོན་འགོག་གི་ཐབས་ཤེས། 
༡ ལག་པར་འདག་རྫས་ལེགས་པར་བྱུག་ནས་ཡང་ཡང་འཁྲུད་དགོས། ཡང་ན་ཤུགས་ཚད ༧༠ ཡན་གྱི་ཆང་གིས (hydroalcoholic gel ) ལག་པ་གཉིས་ཀར་གཙང་སེལ་བྱ་དགོས།
༢ ལག་པ་ཁྲུས་མེད་ན་སོ་སོའི་གདོང་བར་རྩ་བ་ཉིད་ནས་་རེག་མི་རུང་བ་ཡིན། ལྷག་པར་དུ་མིག་དང་སྣ། ཁ་ནང་དུ་ལག་པ་རྩ་བ་ཉིད་ནས་འཆང་་མི་རུང་།
༣ ཏོག་དབྱིབས་ནད་དུག་་ཕོག་ཟིན་པའི་ནད་པར་ཐུག་འཕྲད་ལ་འགྲོ་མ་དགོས་ན་བཟང་།
༤ ལྷ་རབ་བྱུང་ན་ཁ་རས་གོན་ན་མི་གཞན་པའི་ཁ་ཆུ་མི་ཕོག་པ་དང་སོ་སོའི་ལག་པ་མི་ཐུག་རྒྱུར་ཕན་ཐོགས་ཡོད་།
༥ ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བའི་དུས་སྐབས་སུ་མི་ཚོགས་འཛོམ་སར་རྩ་བ་ནས་འགྲོ་མི་རུང་།
༦ དགོས་དབང་གིས་ཕྱི་ལོག་ཏུ་ཕེབས་དགོས་བྱུང་ན་མི་གཞན་འབྲེལ་འདྲིས་ལ་འཛེམ་དགོས།
༧ མི་གཞན་པ་ཡོད་སར་ཕེབས་དགོས་པ་བྱུང་ན་ཁ་རས་གོན་ན་བཟང་།
༨ ཉི་ཧོང་དང་ཐེའུ་ཝན་སྨན་པ་རྣམས་ཀྱིས་ཇི་ལྟར་ལམ་སྟོན་བྱས་དོན་བཞིན་ཉིན་ལྟར་ཞོགས་པ་སྔ་མོར་ཡར་བཞེངས་པ་དང་ཁ་ནས་རླུང་གསར་བ་ཡར་རྔུབ་ཏེ་སྐར་ཆ་བཅུ་ཙམ་རིང་ལ་དབུགས་དེ་གཟུང་དགོས། དེ་ནས་རིམ་བཞིན་དབུགས་ཕྱིར་གློད་་དགོས་པ་ཡིན། ཉིན་རེའི་ཉམས་ལེན་བྱས་ན་་མི་སོ་སོར་ན་ཚ་འགོས་ཡོད་མེད་ཚོད་བལྟར་ཕན་ཐོགས་པ་ཡོད་པ་མ་ཟད་ན་ཚའི་སྔོན་འགོག་ལ་ཡང་ཕན་པ་རླབས་ཆེན་ཡོད་པར་གསུངས།

ཏོག་དབྱིབས་ནད་དུག་གི་ནད་ཡམས་ཁྱབ་གདལ་འགོག་རྒྱུ་ཐབས་བྱུས།

ཐོག་མར་རྒྱ་ནག་ཧོ་པེའུ་ཞིང་ཆེན་གྱི་གྲོང་ཁྱེར (Wuhan, l’épicentre du coronavirus) ཏོག་དབྱིབས་ནད་དུག་གསར་བ་དེ་ངོས་ཐག་ཆོད་པ་ནས་བཟུང་སྟེ་ཝུའུ་ཧན་གཞུང་གིས་འགོ་ནད་དེའི་ཁྱབ་གདལ་གྱི་མགྱོགས་ཚད་དལ་དུ་གཏོང་ཐབས་སུ་གྲོང་ཁྱེར་མི་མང་རྣམས་སོ་སོའི་ཁྱིམ་ནང་ཟུར་བཀག་བྱས་ཏེ་འདུག་དགོས་ཅེས་བཙན་པོའི་བཀའ་བཏང་དགོས་བྱུང་ཡོད། དེ་ནས་རིམ་བཞིན་གྱིས་ཝུའུ་ཧན་གྲོང་ཁྱེར་ནས་་ཞིང་ཆེན་གཞན་པར་འགྲུལ་བཞུད་་ཡོངས་སུ་བཀག་སྡོམ་ནན་པོ་བྱས། ད་ལྟ་བར་དུ་ཝུའུ་ཧན་མི་མང་རྣམས་སོ་སོའི་ནང་དུ་འདུག་དགོས་བྱུང་ཡོད། དེ་རིང་གི་གསར་འགྱུར་ནང་དུ་གནས་ཚུལ་ཐོན་གསལ་ལྟར་ན་མི་འགྱང་བར་་ཝུའུ་ཧན་མི་མང་རྣམས་རིམ་བཞིན་ཏུ་ཕྱིར་ལོག་ལ་ཐོན་ཆོག་པ་བྱ་རྒྱུ་ཡིན་ལུགས་བཤད་འདུག

ཐེ་ཝན་། ཉི་ཧོང་། ལྷོ་ཀོ་རི་ཡཱ། འཇར་མན་ནེའི་རྒྱལ་ཁབ་ཚོས་ (Test de dépistage massive) མི་གང་མང་ལ (covid-19) ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་ཚོད་བལྟ་བྱས་དང་བྱེད་མུས་རེད། སྐྱེས་པོ་ག་གེ་མོ་ཞིག་ལ་ན་ཚ་དེ་ཕོག་ཡོད་ན་དེ་མ་ཐག་ཏུ་ནད་པ་དེ་ལོགས་སུ་ཟུར་བཀག་་བྱས་ཏེ་སྨན་བཅོས་བྱས་དང་བྱེད་བཞིན་པ།
གོང་སྨོས་རྒྱལ་ཁབ་་དེ་དག་ནང་དུ་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་གྲངས་འབོར་ཧ་ཅང་འཕེལ་གྱིན་མེད་པ་མ་ཟད་ནད་པ་མང་བོར་ཡང་དྲག་སྐྱེད་ཡོང་གི་ཡོད་འདུག

འོན་ཀྱང་ཧྥ་རན་སི་དང་ཨེ་ཁྲ་ལེའུ་དེ་ནས་བྱང་ཨ་མི་རི་ཀ་ལ་སོགས་པར (kit de test) ཚོད་བལྟའི་ཡོ་བྱད་འདང་ངེས་མེད་སྟབས་ལྷོ་ཀོ་རི་ཡཱའི་སྔོན་འགོག་གི་ཐབས་བྱུས་ལག་བསྟར་བྱ་ཐུབ་ཀྱིན་མེད། ད་དུང་ཏོག་དབྱིབས་ནད་དུག་་ཁྱབ་གདལ་ལ་སྟངས་འཛིན་དེ་ཙམ་་ལེགས་པོ་ཡོང་གི་མེད། ལྷག་པར་དུ་རྒྱལ་ཁབ་ཀྱི་མི་འབོར་ལ་དཔག་པའི་ཨེ་ཁྲ་ལེར་ནད་པ་འདས་གྲོངས་ཕྱིན་པའི་གྲངས་འབོར་ཚད་མཐོ་བོར་བསླེབས་ཡོད།

ཧྥ་རན་སིའི་གཞུང་དང་ཨེ་ཁྲ་ལེའུ་གཞུང་གིས་མི་མང་ལ་བཀའ་རྒྱ་རིམ་པར་བཏང་སྟེ་སོ་སོའི་ནང་ཟུར་བཀག་བྱས་ཏེ་འདུག་དགོས་ཅེས་གཞུང་གིས་བཀའ་བཏང་ཡོད།
དེ་ནི་རྒྱ་གར་གཞུང་གིས་ཀྱང་སྲིད་བྱུས་དེར་དཔེ་བླངས་པ་ཡིན་འདུག

ཏོག་དབྱིབས་ནད་དུག་ལ་་སྨན་བཅོས་མཐུན་རྐྱེན་ཡོད་དམ།

ད་ལྟའི་ཆར་འཛམ་གླིང་ནང་རྒྱལ་ཁབ་སོ་སོའི་རྩལ་བཏོན་ཏེ་ཏོག་དབྱིབས་ནད་དུག་་ལ་གདོང་ལེན་བྱ་ཕྱོགས་་སྨན་བཅོས་མི་འདྲ་བ་ཁག ༡༢ ལྷག་བྱུང་ཡོད་མོད་ཀྱང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིག་པ་སྒྲིམ་ས་ནི་ནུབ་ལུགས་གསོ་རིག་གིས་འགོས་ནད་འགོག་རྒོལ་གྱི་རེ་བ་ཆེ་བའི་སྨན་བཅོས་སྣ་ཁ་བཞི་ཙམ་ཚོད་ལྟའི་ལག་ལེན་བྱེད་བཞིན་ཡིན་སྟབས་མ་འོངས་པར་གཟའ་འཁོར་འགའ་་རྗེས་སུ་བཅོས་ཐབས་གང་གིས་ཕན་ནུས་ཆེས་ཤོས་ཡོང་གི་ཡོད་མེད་ཐག་གཅོད་ཡོང་རྒྱུ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རེ་བ་བཅིང་སའི་བཅོས་ཐབས་བཞི།

༡ (remdesivir) རེག་དུག་ན་ཚའི་བཅོས་ཐབས་ཀྱི་སྨན་འདི་དང་འགོས་ནད་་ཀྱི་སྨན་རྫས་གཉིས་སྡེབ་སྦྱོར་བྱས་ཏེ་ནད་པ་མང་བོར་ཐེ་ལན་ཏི་དང་རྒྱ་ནག་སོགས་ན་་བེད་སྤྱོད་བྱས་ཡོད་འདུག
༢ (the malaria medications chloroquine), ཚ་བ་ཆེ་སའི་ཡུལ་གྲུ་ཁག་ནས་ཁྱབ་གདལ་འགྲོ་བཞིན་པའི་ནད་ཡམས་མ་ལ་རི་ཡཱའི་བཅོས་ཐབས་བེད་སྤྱོད་བྱས་ཏེ་ཧྥ་རན་སིའི་ནད་པ་མང་བོར་ཕན་ཐོགས་བྱུང་ཡོད་འདུག
༣ (Ritonavir and lopinavir) བཅོས་ཐབས་འདི་རྣམ་རྒྱུན་རེག་དུག་གི་ནད་པར་སྤྲད་བཞིན་པའི་སྨན་ཡིན་པ་དང་།
༤ (A combination of Ritonavir, lopinavir and interferon-beta) སྨན་འདིས་གཟུགས་པོའི་ནད་འགོག་མ་ལག་ནང་དུ་བརྡ་ཞིག་བཏང་སྟེ་ནད་འབུ་མེད་པར་བཟོ་ཐུབ་པར་བཤད།

མཐའ་དོན་དེང་སང་ཧྥ་རན་སིར་སྨན་ཁང་མང་བོ་ནང་དུ་གོང་གསལ་གྱི་བཅོས་ཐབས་གཉིས་པ་དེ་ནད་པ་རྣམས་ལ་ཚོད་བལྟ་བྱས་དང་བྱེད་བཞིན་པའི་སྒང་རེད་འདུག

ཕྱི་ལོ ༢༠༢༠ ཟླ ༣ ཚེས ༢༤ ཉིན་ཧྥ་རན་སིར་རང་ཤག་ཏུ་བྲིས།

བསྐྱར་བཅོས།: ༢༠༢༠/༠༣/༢༥

Leave a Reply