༧གོང་ས་མཆོག་ནས་ཉམ་ཐག་ཚོར་ཧིན་སྒོར་འབུམ་ ༡༥ ཡི་ཞལ་འདེབས་གནང་།

ཧི་མ་ཅལ་མངའ་སྡེའི་ཉམ་ཐག་དང་དགོས་ངེས་ཅན་ཚོར་བཟའ་བཅའ་དང་སྨན་སོགས་ཀྱིས་སྦྱིན་གཏོང་གནང་ཆེད་༧གོང་ས་མཆོག་ནས་ཧིན་སྒོར་འབུམ་ ༡༥ ཡི་ཞལ་འདེབས་གནང་འདུག དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་མི་མང་ཉམ་ཐག་དང་དགོས་ངེས་ཅན་ཚོར་བཟའ་བཅའ་དང་སྨན་གྱིས་མཚོན་པའི་ཅ་དངོས་དགོས་མཁོ་ཆེན་པོའི་རིགས་སྦྱིན་གཏོང་གནང་ཆེད།  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ཐེབས་རྩ་ལ་ཧིན་སྒོར་འབུམ་ ༡༥ ཡི་ཞལ་འདེབས་གནང་གཏན་འཁེལ་ཡོད་འདུག

དེ་ཡང་སྐུ་སྒེར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༸གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇེ་རཱམ་ཋ་ཀོར་མཆོག་ལ་ཕུལ་བའི་ཕྱག་ཡིག་ནང་། འདས་པའི་ལོ་ངོ་ ༦༠ རིང་ནས་ཧི་མ་ཅལ་འདི་ངའི་སྡོད་གནས་ཡིན་སྟབས། རང་ཤུགས་ཀྱིས་དེའི་མི་མང་རྣམས་སེམས་ཐག་ཉེ་བོ་ཞིག་ཏུ་ཚོར་གྱི་འདུག དེར་བརྟེན་གུས་བརྩི་དང་ཤ་ཚ་མཚོན་དོན་དུ། ངས་མངའ་སྡེའི་མི་མང་ཉམ་ཐག་དང་དགོས་ངེས་ཅན་ཚོར་བཟའ་བཅའ་དང་སྨན་གྱིས་མཚོན་པའི་དགོས་གལ་ཆེ་བའི་ཅ་དངོས་འབུལ་རྒྱུའི་ཐད་རོགས་འདེགས་ཞུ་ཆེད། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་རོགས་དངུལ་ཐོག་ཞལ་འདེབས་འབུལ་རྒྱུ་ཡིན། ཞེས་གསུངས་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དགའ་ལྡན་ཕོ་བྲང་གི་གསར་འགོད་དྲུང་ཆེ་ཚེ་བརྟན་བསམ་གྲུབ་ལགས་སུ་༸གོང་ས་མཆོག་ནས་ཞལ་འདེབས་ག་ཚོད་ཕུལ་ཡོད་པའི་ཐད་བཀའ་འདྲི་ཞུས་པར་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ཧིན་སྒོར་འབུམ་ ༡༥ ཞལ་འདེབས་གནང་ཡོད་སྐོར་གསུངས་བྱུང་།

༸གོང་ས་མཆོག་གི་ཕྱག་ཡིག་ནང་། སྲིད་བློན་མུ་དྷི་མཆོག་ནས་སྣེ་ཁྲིད་པའི་རྒྱ་གར་དབུས་གཞུང་གིས་རིམས་ནད་འགོས་ཁྱབ་མི་འགྲོ་བའི་ཆེད་དུ་ལག་བསྟར་བྱས་པའི་ཐབས་བྱུས་དེ་དག་ལམ་ལྷོངས་ཡོང་རྒྱུར་ཐུགས་ལ་གདེང་སྤོབས་ཡོད་སྐོར་ཡང་གསུངས་འདུག

ཀླུ་མགོན་ཐར་དང་པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༢༦

Leave a Reply

One thought on “༧གོང་ས་མཆོག་ནས་ཉམ་ཐག་ཚོར་ཧིན་སྒོར་འབུམ་ ༡༥ ཡི་ཞལ་འདེབས་གནང་།

  1. བསོད་ནམས་རྒྱལ་མཚན།

    འབུམ་ ༡༥ དེ་ ཉམ་ཐག་ངོ་མ་ལ་ཏག་ཏག་རགས་པ་ཤོག 🙏 མགོ་ལ་སྡོད་མཁན་བློན་ཆེན་ཁག་གིས་བུ་བུ་མོའི་ཆང་ས་འགྲོ་གྲོན་ལ་མ་ཤོར་བ་ཤོག ཨོཾ་མ་ཎི་པདྨེ་ཧཱུཾ། 🙏