རྩོམ་པ་པོ་ཡང་ཧིན་ཅུན་འཕྲལ་དུ་ཀློད་དགོས་པའི་འབོད་སྐུལ་བསྐྱར་དུ་གནང་།

ཨོ་གླིང་གི་རྩོམ་པ་པོ་ཡང་ཧིན་ཅུན་ལགས་ཀྱི་ཉེས་དོན་ཞིབ་བཤེར་ཡི་གེ་པེ་ཅིན་མི་མང་ཁྲིམས་བཤེར་ཁང་གཉིས་པར་རྩིས་སྤྲོད་བྱས་ཡོད་འདུག ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ནང་གསང་ཉུལ་གྱི་བྱ་བ་བསྒྲུབས་པ་དང་རྒྱལ་སྲུང་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་པའི་ཉེས་མིང་འོག པེ་ཅིན་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་ཨོ་གླིང་གི་མི་སེར་རྒྱ་རིགས་རྩོམ་པ་པོ་ཡང་ཧིན་ཅུན་(Yang Hengjun)ལགས་ཀྱི་ཉེས་དོན་ཞིབ་བཤེར་ཡི་གེ་དེ། པེ་ཅིན་གྲོང་ཁྱེར་མི་མང་ཁྲིམས་བཤེར་ཁང་གཉིས་པར་རྩིས་སྤྲད་དེ་ཞིབ་བཤེར་བྱ་འཆར་ཡོད་སྟབས། ཨོ་གླིང་གཞུང་གིས་དེ་ནི་ངོས་ལེན་བྱ་ཐབས་མེད་པའི་གནས་ཚུལ་ཞིག་གི་འོག་བཙོན་འཇུག་བྱས་ཡོད་སྟབས། འཕྲལ་དུ་ཁོང་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག

ཁ་སང་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་མེ་རི་སི་པེན་ (Marise Payne) ལགས་ཀྱིས་འཕྲིན་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨོ་གླིང་གི་མི་སེར་དང་གཙུག་ལག་མཁས་པ་ཡང་ཧིན་ཅུན་ལ་རྒྱ་ནག་ནང་གསང་ཉུལ་བྱས་པའི་ཉེས་མིང་འོག་ཁྲིམས་ཁང་དུ་འབོད་འགུག་གིས་ཉེས་འཛུགས་བྱེད་ཀྱི་ཡོད་པར་ཨོ་གླིང་གཞུང་གིས་དགག་པ་ཤུགས་ཆེན་བྱ་རྒྱུ་ཡིན། ཞེས་བརྗོད་དེ། རྩོམ་པ་པོ་ཡང་ཧིན་ཅིན་འཕྲལ་དུ་ཀློད་གྲོལ་གཏོང་དགོས་སྐོར་བརྗོད་འདུག་ལ། རྩོམ་པ་པོ་ཁོང་འདས་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ནས་བཟུང་ཨོ་གླིང་གི་གཞུང་ཚབ་ཁང་གི་ལས་བྱེད་སུ་ལའང་ཐུག་འཕྲད་བྱེད་དུ་མ་བཅུག་པ་ནི་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་སྐོར་བརྗོད་འདུག

རང་ལོ་ ༥༤ ཡིན་པའི་ཨོ་གླིང་གི་མི་སེར་ཡང་ཧིན་ཅིན་འདས་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ་ལོ་གཅིག་ལྷག་འགྲོ་ཡི་ཡོད་པ་དང་། འདས་པའི་ཟླ་གསུམ་རིང་ཁོང་ཟུར་བཀག་བྱས་ཏེ་ཕྱིའི་ཁ་པར་འབྱོར་བ་དང་། གཞུང་ཚབ་མི་སྣར། གསར་འགོད་པ། དེ་བཞིན་ཁྱིམ་མི་དང་གྲོགས་པོ་སོགས་ལ་འབྲེལ་བ་ཡོངས་སུ་བཅད་དེ་འདྲི་གཅོད་བྱས་ཡོད་པས། ད་ལྟའི་རྩོམ་པ་པོ་ཡང་ཧིན་ཅིན་གྱི་འཕྲོད་བསྟེན་གནས་སྟངས་ཐད་ཤེས་རྟོགས་གང་ཡང་འབྱུང་གི་མེད་ལ། འདས་པའི་སྙན་ཐོ་ཁག་ཅིག་གི་ནང་རྒྱ་ནག་གཞུང་གིས་འདྲི་གཅོད་ཚད་མེད་བྱས་པར་བརྟེན། ཁོང་གི་ཁྲག་ཤེད་རྒྱས་པ་དང་དྲན་པ་ཉམས་པ། མགོ་ན་བ་དང་ལུས་ཀྱི་མདངས་ཉམས་པ།  དེ་བཞིན་ལུས་ཀྱི་ལྕི་ཚད་སྤྱི་རྒྱ་ ༡༠ ལྷག་ཆག་པ་སོགས་བཀོད་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།

ཡང་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་མེ་རི་སི་པེན་ (Marise Payne) ལགས་ཀྱིས། འདས་པའི་ལོ་གཅིག་ཙམ་རིང་གི་ང་ཚོའི་འབོད་སྐུལ་ལ་རྒྱ་ནག་གཞུང་གིས་ཉན་འཇོག་མ་བྱས་པ་དང་། གཙུག་ལག་མཁས་པ་ཡང་ཧིན་ཅིན་ལ་ཁྲིམས་མཐུན་གྱི་ཁྲིམས་རྩོད་པ་ཞིག་མེད་པ། ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་གནོད་པའི་གནས་བབ་རྩུབ་པོ་ཞིག་གི་འོག་བཀག་ཉར་བྱས་ཡོད་པ་བཅས་ལ་ང་ཚོེར་བློ་འཚབ་ཆེན་པོ་ཡོད། ཅེས་དང་ཨོ་གླིང་གཞུང་གིས་ཡང་དང་བསྐྱར་དུ་རྒྱ་ནག་ལ་ཡང་ཧཱིན་ཅིན་སོགས་རྒྱ་ནག་གི་བཀག་ཉར་འོག་ཡོད་པ་རྣམས་ལ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ལྟ་སྐྱོང་བྱེད་དགོས་པ་བརྗོད་ཡོད་སྐོར་བརྗོད་འདུག

རྩོམ་པ་པོ་ཡང་ཧིན་ཅིན་གྱི་པེ་ཅིན་གྱི་ཁྲིམས་རྩོད་པ་ཧྲང་པའོ་ཅིན་ (Shang Baojun) གྱིས་དབྱིན་ཡིག་གི་གསར་ཁང་ (The Guardian) ལ་བརྗོད་པ་ལྟར་ན། ཡང་ཧིན་ཅིན་གྱི་གྱོད་དོན་དེ་ཁྲིམས་ཁང་ཞིག་ལ་བསྐྱལ་ཡོད་པ་དང་། ཁྲིམས་ཁང་དེའི་ནང་བདུན་ཕྲག་དྲུག་གི་རིང་གྱོད་དོན་ལ་དཔང་རྟགས་འདང་ངེས་ཡོད་མེད་ལ་བལྟས་ཏེ་རྩིས་མེད་བཟོ་མིན་དང་། ཉེན་རྟོག་ལས་ཁུངས་ལ་མུ་མཐུད་གྱོད་དོན་དང་འབྲེལ་བའི་དཔང་རྟགས་འཚོལ་བསྒྲུབ་དགོས་པའི་སྐུལ་མ་བྱེད་པ་སོགས་ཀྱི་ཐག་གཅོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཨོ་གླིང་གི་སི་ཌི་ནེ་འཕྲུལ་རིག་གཙུག་ལག་སློབ་གྲྭ་ཆེན་མོའི་ (University of Technology Sydney) རྒྱ་ནག་སྐོར་ལ་ཆེད་མཁས་པ་ ཧྥོང་ཁྲོང་ཡས(Feng Chongyi)ཀྱིས། ཐོག་མ་ཉིད་ནས་རྒྱ་ནག་གཞུང་གིས་ཡང་ཧིན་ཅུན་འཛིན་བཟུང་བྱས་པ་དེར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་ཞིག་རེད། གཅིག་ནས་རྒྱ་ནག་ལ་ལྟ་སྟངས་མི་ལེགས་པ་འཛིན་མཁན་གྱི་ལྟ་ཚུལ་འགོག་ཐབས་བྱེད་ཀྱི་ཡོད་པ་དང་། གཉིས་ནས་ཧྭ་ཝེ་འཕྲུལ་རིག་དང་འབྲེལ་བའི་གནད་དོན་ཐོག་ཨོ་གླིང་གཞུང་ལ་གནོན་ཤུགས་སྤྲད་དེ་སེལ་ཐབས་བྱེད་ཀྱི་ཡོད་པ་དེ་རེད། ཅེས་བརྗོད་འདུག་ལ། ཆེད་མཁས་པ་ཁོང་ཡང་རྒྱ་ནག་གིས་འཛིན་བཟུང་བྱས་མྱོང་ཡོད་སྟབས། རྒྱ་ནག་གཞུང་གིས་རྩོམ་པ་པོ་ཡང་ཧིན་ཅུན་ལ་དྲང་བདེན་གྱི་ཐག་གཅོད་ཞིག་བྱེད་པར་ཡིད་ཆེས་མེད་ཚུལ་ཉེ་སྔོན་བཤད་ཡོད་པ་རེད།

རྩོམ་པ་པོ་ཡང་ཧིན་ཅུན་ལགས་ནི་རྒྱ་ནག་ཧུའུ་པའེ་ཞིང་ཆེན་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་ཧྥུ་ཏན་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན། དེ་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་དུ་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༧ བར་ཧོང་ཀོང་དུ་རྒྱ་ནག་གི་བཟོ་ཚོང་ཁང་ཆེན་པོ་ཞིག་གི་འགན་འཛིན་བྱས། ཕྱིས་སུ་ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའི་རྩ་འཛུགས་འོག རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། མགོ་འཁྲིད་བཅས་ཀྱི་བདེ་འཇགས་གནས་བབ་ལ་འགན་འཁུར་གྱི་ལས་ཀ་བྱས་ཏེ། ཨ་རི་དང་ཨོ་གླིང་སོགས་སུ་ཕྱིན་ནས་ཨོ་གླིང་གི་མི་སེར་ཆགས་ཡོད་འདུག ཁོང་གིས་དེ་སྔོན་བརྩམས་སྒྲུང་དེབ་གཉིས་བྲིས་ཡོད་པ་མ་ཟད། རྒྱུན་དུ་སྒེར་གཉེར་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཁ་གཏད་ཀྱི་རྩོམ་ཡིག་མང་པོ་སྤེལ་བར་བརྟེན། ཕྱི་ལོ་ ༢༠༡༡ ལོར་ཁོང་རྒྱ་ནག་ཏུ་སྐྱོད་སྐབས་འཛིན་བཟུང་བྱས་ཏེ་འདྲི་ཞིབ་བྱས་ཡོད་ཀྱང་། ཕྱིས་སུ་མི་ངོས་མ་ཟིན་པར་ནོར་ནས་འཛིན་བཟུང་བྱས་ཡོད་སྐོར་བརྗོད་དེ་ཀློད་ཡོད་པ་རེད། འོན་ཀྱང་། འདས་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་ལ་སྐྱོད་སྐབས་པེ་ཅིན་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་རྩོམ་པ་པོ་ཁོང་ཟླ་བདུན་ལྷག་རིང་གསང་བའི་ངང་བཀག་ཉར་འོག་བཞག་རྗེས། རྒྱ་ནག་གི་རྒྱལ་སྲུང་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་པ་དང་། གསང་ཉུལ་གྱི་བྱ་བ་བསྒྲུབས་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༢༦

Leave a Reply