སྔ་དྲོའི་ཆུ་ཚོད་ ༨ ནས ༡༡ བར་མཁོ་ཆས་ཉོ་བར་ཕྱི་ལ་འགྲོ་ཆོག

ཉིན་རེའི་སྔ་དྲོའི་ཆུ་ཚོད་ ༨ ནས་ ༡༡ བར་སྤྱི་མང་རྒྱང་བཀྱེད་ཀྱི་ཐབས་ལམ་ལག་བསྟར་བྱས་ཏེ་མཁོ་ཆས་ཉོ་བར་ཁྲོམ་ལ་འགྲོ་ཆོག་གི་འདུགཟླ་འདིའི་ཕྱི་ཚེས་ ༢༤ ནས་རྒྱ་གར་རྒྱལ་ཡོངས་ནང་ཉིན་གྲངས་ ༢༡ རིང་ཕྱིར་འགྲོ་མི་ཆོག་པར་རང་ཁྱིམ་དུ་སྡོད་དགོས་པའི་ཡོངས་ཁྱབ་བཀའ་རྒྱ་བསྒྲགས་ཡོད་ཀྱང་། ཀང་རཱ་རྫོང་སྤྱི་ཁྱབ་ཉེན་རྟོག་ཁང་གི་བརྡ་ཁྱབ་འོག ཉིན་རེའི་བཟའ་བཏུང་རིགས་དང་སྨན་སོགས་རྒྱུན་མཁོའི་རིགས་ཉོ་སྒྲུབ་ཆེད། སྔ་དྲོའི་ཆུ་ཚོད་ ༨ པ་ནས་ ༡༡ བར་རྒྱུན་མཁོའི་བཟའ་བཏུང་རིགས་དང་སྔོ་ཚལ་ཤིང་ཏོག སྨན་ཚོང་ཁང་སོགས་སྒོ་ཕྱེ་ཡི་འདུག་པས། མི་མང་པོས་པང་བསྒྲིགས་ཏེ་ཉོ་བཅའ་རྒྱག་བཞིན་འདུག་ལ། གཞུང་གི་བཀའ་ཁྱབ་བཏང་ཡོད་པ་ལྟར། ཚོང་ཁང་དག་ནས་ཅ་དངོས་ཉོ་ཚོང་སྐབས་མི་མང་པང་རིམ་སྒྲིག་སྟེ་སྤྱི་མང་རྒྱང་བཀྱེད་ཀྱི་ཐབས་ལམ་ལག་བསྟར་བྱེད་ཀྱི་འདུག་པ་མ་ཟད། འཚང་ཁ་མི་ཡོང་ཆེད་ཉེན་རྟོག་པ་མང་པོས་ཚོང་ཁང་ཁག་ལ་སྔ་ཕྱི་བར་གསུམ་དུ་ལྟ་རྟོག་བྱེད་བཞིན་འདུག  འོན་ཀྱང་། ས་ཁུལ་ཁུག་ཀྱོག་གི་ཚོང་ཁང་ཁག་ཏུ་བོད་མི་དང་རྒྱ་གར་བ། ཕྱི་གླིང་བ་སོགས་ཀྱིས་ཉོ་བཅའ་རྒྱག་སྐབས་འཚང་ཁ་རྒྱག་བཞིན་འདུག

ཀང་ར་རྫོང་གི་རྫོང་དཔོན་གཞོན་པ་ར་ཁེ་ཤི་(Rakesh Prajapati)ལགས་ཀྱིས། ཏོག་དབྱིབས་ནད་ཡམས་སྔོན་འགོག་སླད་མི་མང་འདུ་འཛོམས་བཀག་སྡོམ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཆགས་ཡོད། དེ་བས། དངུལ་ཁང་ཁག་མུ་མཐུད་སྒོ་རྒྱག་གི་ཡིན། འོན་ཀྱང་། དངུལ་འདོན་འཕྲུལ་ཆས་སྒོ་ཕྱེས་ནས་བཞག་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟའི་ཆར་ཀང་ར་རྫོང་ཁུལ་དུ་ཛ་དྲག་མྱུར་སྐྱོབ་རླངས་འཁོར་དང་། ཉེན་རྟོག་པ་དང་འཛིན་སྐྱོང་བཅས་ཀྱི་རླངས་འཁོར་ལ་སྣུམ་ལྡུག་ས་ཚིགས་ནས་སྣུམ་བླུག་ཆོག་གི་ཡོད་པ་ལས། གཞན་སྤྱི་སྤྱོད་རླངས་འཁོར་དང་མི་སྒེར་སོགས་ཀྱི་འཕྲུལ་འཁོར་གཅིག་ལའང་སྣུམ་བླུག་ཆོག་གི་མེད་པ་མ་ཟད། རླངས་འཁོར་དང་འཕྲུལ་རྟ་རིགས་ཕྱིར་གཏོང་ཆོག་གི་མེད་པ་རེད། བཀག་ཁྱབ་ལ་མ་ཉན་པར་གང་བྱུང་འགྲོ་སྐྱོད་བྱས་ཚེ་ཉེན་རྟོག་པས་ཉེས་ཆད་ཉེས་རྡུང་གཏོང་གི་ཡོད་པ་མ་ཟད། བཙོན་འཇུག་བྱེད་སྲིད་པའི་ཉེན་བརྡའང་བཏང་འདུག ཀང་ར་རྫོང་གི་བཀའ་ཁྱབ་འོག ད་ལྟའི་ཆར་མི་མང་ལ་ཉིན་རེའི་འཚོ་བའི་མཁོ་ཆས་ཉོ་སྒྲུབ་སླད་ཚོང་ཁང་ཁག་ཅིག་སྒོ་ཞོགས་པའི་ཆུ་ཚོད་ ༣ རིང་སྒོ་ཕྱེས་ཀྱི་ཡོད་མོད། འོན་ཀྱང་། ཧི་མ་ཅལ་གྱི་མངའ་སྡེའི་འཆར་འགོད་འགན་འཛིན་གཞོན་པ་(Ramesh Dhawala)ལགས་ཀྱིས། རྒྱ་གར་དབུས་དང་མངའ་སྡེ་གཞུང་ཁག་གིས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཐག་གཅོད་བླངས་ཏེ། ཏོག་དབྱིབས་ནད་ཡམས་ལ་འཐབ་རྒོལ་བྱེད་བཞིན་ཡོད་པས། མི་མང་ནས་ངེས་པར་དུ་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་ལ། མི་མང་ནང་ནས་འདུག་དགོས་པ་དང་ཕྱིར་འཐོན་ཆོག་གི་མེད། སྤྲང་པོ་ཚོར་གཞུང་གིས་ཟས་རིགས་མཐུན་སྦྱོར་བྱེད་ཀྱི་ཡིན། ཞེས་བརྗོད་ཡོད་པ་ལྟར། དྷ་སའི་ཉེ་འདབས་རྒྱུག་ཆུའི་འགྲམ་དུ་ཆགས་པའི་སྤྲང་པོའི་སྡོད་གུར་སོགས་སུ་གཞུང་ནས་ཁ་རས་དང་སྨན། ཟ་མ་བཅས་སྦྱིན་གཏོང་གནང་གི་ཡོད་འདུག

ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་པ་ ༤༩༢ ཡོད་པ་དང་། ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་ཕོག་པའི་མི་ ༣ བྱུང་ཡོད་པའི་ཁྲོད་ནས་ ༡ རྐྱེན་འདས་སུ་ཕྱིན་པ་དང་། ཀང་རཱ་རྫོང་ནི་ཧི་མ་ཅལ་མངའ་སྡེའི་ཏོག་དབྱིབས་ནད་ཡམས་བྱུང་ཡུལ་ཐོག་མ་དེ་ཆགས་ཡོད་ཀྱང་། ཉེ་བའི་བདུན་ཕྲག་ ༡ ཙམ་རིང་ཏོག་དབྱིབས་ནད་པ་གསར་པ་གཅིག་ཀྱང་བྱུང་མེད་རེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༢༦

Leave a Reply