མཁན་ཟུར་བསྟན་འཛིན་དོན་གྲུབ་མཆོག་སྐུ་གྲོངས་བར་ཐུགས་གསོ་ཞུས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་འབྲུག་པའི་མཁན་ཟུར་༸སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་ཞུས་འདུགབོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཐུགས་གསོའི་གསུང་འཕྲིན་ནང་། སྐྱབས་རྗེ་དམ་པ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་སྐུ་ཞི་བར་གཤེགས་པ་ནི་བསྟན་པ་སྤྱི་དང་ཁྱད་པར་དཔལ་ལྡན་འབྲུག་པའི་བསྟན་པར་གོད་ཆག་ཆེན་པོ་ཞིག་ཡིན་ན། འདི་ག་ནས་བོད་མི་སེར་སྐྱ་སྤྱིའི་ཚབ་ཞུས་ཏེ་མྱ་ངན་གུས་འདུད་དང་། ༸སྐྱབས་རྗེ་དམ་པ་གང་དེའི་གྲྭ་ཚང་འདུས་སྤྱི་དང་སྐུ་ཉེ་རྗེས་ཤུལ་རྣམས་ཀྱི་གཙོས་དཔལ་ལྡན་འབྲུག་པའི་དད་སློབ་སེར་སྐྱ་མང་ཚོགས་ཡོངས་ལ་སྙིང་ནས་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་དང་། ༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་ཇི་མཆིས་ཡོངས་སུ་རྫོགས་པ་དང་། སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྤྲུལ་ཟླ་གསར་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༨ ཉིན་འབྲུག་གི་རྒྱལ་ས་ཐིམ་ཕུག་ཏུ་༧སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་དགུང་གྲངས་ ༩༥ ཐོག་ དགོངས་པ་རྫོགས་ཡོད་པ་དང་། དེའི་རྗེས་ཐུགས་དམ་ལ་བཞུགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ༸སྐྱབས་རྗེ་དམ་པ་མཆོག་གིས་བསྟན་པ་རིས་མེད་གསན་བཞེས་མཛད་ཚུལ་ཁྲོད་བོད་དང་རྒྱ་གར་དུ་འབྲུག་པ་ཆོས་མགོན་བརྒྱད་པ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་རབ་འབྱམས་ཀུན་བཟང་བསྟན་པའི་ཉི་མ། གཏེར་ཆེན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་རིས་མེད་བསྟན་བདག་བླ་ཆེན་དུ་མ་བསྟེན་ཚུལ་གསལ་བ་དང་། ཕྱི་ལོ་ ༡༩༨༦ ལོར་དཔལ་ལྡན་འབྲུག་པའི་བསྟན་བདག་རྗེ་མཁན་པོ་ཁྲི་རབས་ ༦༨ པའི་མཚན་བཞེས་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༠༨ ལོར་འབྲུག་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས་དང་པོ་དེ་འབུལ་བཞེས་མཛད་གནང་ཡོད་འདུག སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༢༥ ལོར་འབྲུག་རྒྱལ་ཁབ་ཀྱི་དབང་འདུས་ཕོ་བྲང་དུ་སྐུ་འཁྲུངས་ཤིང་། སྐུ་ན་གཞོན་དུས་ཐར་པ་གླིང་དགོན་པར་གསན་བསམ་སློབ་གཉེར་གནང་བ་དང་ཕྱིས་སུ་བོད་ནང་ཕེབས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་མཛད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༢༨

Leave a Reply