བོད་གཙང་ཕྱོགས་སུའང་རྒྱ་བསྒྱུར་སློབ་གསོ་ལག་བསྟར་བྱེད་བཞིན་འདུག

རྒྱ་ནག་གཞུང་གིས་བོད་གཙང་ཕྱོགས་ཀྱི་སློབ་གྲྭ་ཆུང་འབྲིང་ནང་དུའང་ཨང་རྩིས་དང་དངོས་ཁམས་སོགས་རྒྱ་ཡིག་ནང་སློབ་འཁྲིད་བྱེད་པའི་མགོ་བཙུགས་ཟིན་འདུག ཏོག་དབྱིབས་ནད་རིམས་ཀྱིས་སྤྱི་ཚོགས་ཧྲིལ་པོ་ཟང་ཟིང་དུ་གྱུར་ཡོད་པའི་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་འདི་ལོའི་ལོ་སློབ་མགོ་བཙུགས་པ་ནས་བཟུང་སྟེ་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་ནང་རྒྱ་བསྒྱུར་སློབ་གསོའི་སློབ་འཁྲིད་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད་པ་དང་། འདི་གར་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་གཙང་ཕྱོགས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ནང་རྒྱ་ཡིག་གཙོ་གཉེར་གྱི་སློབ་འཁྲིད་མགོ་བཙུགས་ཟིན་ཡོད་པ་དང་།  དེ་རིང་གཙང་མཐོང་སྨོན་རྫོང་སློབ་ཆུང་གི་དགེ་རྒན་ཞིག་གིས། ཉིན་འགའ་ཡི་སྔོན་ལ་བདག་ལ་བརྩེ་བའི་ཞགས་པས་འཁྱུད་པའི་སློབ་མ་ཁག་ཅིག་གིས། ཁ་པར་བརྒྱུད་ད་ལོ་ནས་བཟུང་ང་ཚོའི་རྩིས་རིག་དང་དངོས་ཁམས་སོགས་རྒྱ་ཡིག་ལ་བསྒྱུར་ཚར་འདུག་ཅེས་བཤད་སོང་བ་དང་། སྐད་དེ་ཐོས་འཕྲལ་ཧ་ལས་པའི་དངངས་སྐྲག་དང་སྐྱོ་སྣང་ཚད་མེད་པ་ཞིག་རང་དབང་མེད་པར་སྐྱེས་སོང་ཞེས་བརྗོད་འདུག

འདི་གའི་གསར་འགོད་པས་ཕ་ཡུལ་གཙང་ནས་ཡིན་པའི་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་རྩོམ་སྒྲིག་སྡེ་ཚན་གྱི་རྩོམ་སྒྲིག་ལས་རོགས་གཙང་མེ་ལྕེ་ལགས་སུ། གནས་ཚུལ་དེའི་སྐོར་དྲིས་པར་ཁོང་གིས། གནས་ཚུལ་དེ་ཕ་ཡུལ་གྱི་འབྲེལ་ཡོད་ལ་སྐད་ཆ་དྲིས་དུས་དངོས་བདེན་ཡིན་པ་མ་ཟད། རྒྱ་བསྒྱུར་སློབ་གསོ་ལག་བསྟར་དངོས་སུ་བྱེད་བཞིན་འདུག གཙང་ཕྱོགས་ཀྱི་སློབ་གྲྭ་ཁང་མང་པོ་ཞིག་གི་ནང་དེ་སྔོན་ནས་རྒྱ་ཡིག་གཙོ་འཁྲིད་ཀྱི་སློབ་གསོའི་ཐབས་ལམ་ལག་བསྟར་བྱས་ཡོད་པ་དང་། སྤྱིར་ན་ད་ལྟའི་ཆར་རྔ་བ་ཕྱོགས་སུ་རྒྱ་བསྒྱུར་སློབ་གསོའི་སྲིད་བྱུས་ལག་བསྟར་ཐད་བསམ་ཚུལ་མང་པོ་ཡོང་བཞིན་ཡོད་པ་དང་། མདོ་སྨད་ཕྱོགས་སུ་བོད་ཡིག་ཆེད་སྦྱོང་གི་སྒེར་གཙུགས་སློབ་གྲྭ་མང་པོ་ཡོད་སྟབས། རྒྱ་ནག་གཞུང་གིས་ལག་པ་འཆང་ཆོག་ཆོག་དང་སྟབས་བདེ་བོ་མེད་པ་རེད། ཡིན་ན་ཡང་།  གཙང་ཕྱོགས་ལ་དེ་ལྟ་བུའི་བོད་ཡིག་ཆེད་སྦྱོང་བྱེད་སའི་སློབ་གྲྭ་དང་སྒེར་གཉེར་སློབ་གྲྭ་སོགས་མེད་དུས་རྒྱ་ནག་གཞུང་གིས་སླ་བོས་བསྒྱུར་བཅོས་གཏོང་ཆོག་པ་ཞིག་ཡིན་སྐོར་བརྗོད་བྱུང་།

ཡང་རྒྱ་བསྒྱུར་སློབ་གསོའི་སྲིད་བྱུས་ཀྱི་དམིགས་ཡུལ་ག་རེ་ཡིན་པའི་སྐོར་ལ་ཁོང་གིས། རྒྱ་ནག་གཞུང་གིས་རྒྱ་ཡིག་གཙོ་གཉེར་གྱི་སློབ་འཁྲིད་ཐབས་ལམ་དེ་སློབ་ཕྲུག་ཚོར་ཕན་ཐོགས་ཡོད་པ་ཞིག་བཤད་བཞིན་ཡོད་ཀྱང་། ང་རང་ལ་མཚོན་ན་དེ་ལ་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཡིག་སློབ་འཁྲིད་ཀྱི་སྒྲོམ་གཞི་རྩ་བ་ནས་བསྒྱུར་བཅོས་གཏོང་བཞིན་པ་དེའི་དམིགས་ཡུལ་གཙོ་བོ་ནི། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཚང་མ་རྩ་མེད་བཟོ་ཐབས་དང་། མ་འོངས་པར་བོད་ཀྱི་ན་གཞོན་དེ་དག་ཁོ་རང་ཚོ་འདྲ་ཞིག་བཟོ་ཐབས་ཀྱི་སྲིད་བྱུས་ཤིག་རེད་ལ། བོད་ཀྱི་མཁས་པ་མང་པོས་གསུངས་བཞིན་པ་ལྟར་བོད་སྐད་ཡིག་ནི་བོད་མི་ཚོའི་ཚེ་སྲོག་རེད་ཟེར་བ་བཞིན། འདི་དག་རྩ་མེད་གཏོང་ཐུབ་སོང་བ་ནས་བོད་པ་ཚོར་སྐད་ཡིག་དང་ཆོས་ལུགས་སོགས་ཀྱི་འདུ་ཤེས་གང་ཡང་མེད་པ་ཞིག་བཟོ་ཐབས་བྱེད་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

གནད་དོན་དེའི་ཐད་གཙང་གཞིས་རྩེ་མཐོང་སྨོན་རྫོང་ཆ་ཚང་སློབ་ཆུང་ནས་ཡིན་པའི་དགེ་རྒན་ཞིག་གིས་རྩོམ་ཡིག་ཅིག་བྲིས་པའི་ནང་། ང་རང་མི་ཚང་མ་དང་མཉམ་དུ་ཁ་རོག་སྡོད་དགོས་སམ། འོ་དེ་ལྟར་བྱས་ན་རྩ་བ་ནས་མི་འགྲིག མ་གཞི་ནས་ངས་བདེན་པ་རྩོད་བཞིན་ཡོད། བདེན་པ་ཤོད་པ་ལ་ཡང་སྐྲག་སྣང་དང་དོགས་པ་ཡོད་ཚེ་ཁྱོད་ཅིའི་ཕྱིར་མི་ཡི་རྣམ་ཤེས་བླངས་སམ། མི་ཆུང་ཆུང་ཞིག་གི་སྐད་ཆ་ཆེན་པོ་ཞིག་ཡིན་རུང་དེ་རིང་ངས་བདེན་པ་ཞིག་འབྲི་ན་འདོད། ཉིན་འགའ་ཡི་སྔོན་ལ་བདག་རང་ལ་བརྩེ་བའི་ཞགས་པས་འཁྱུད་པའི་སློབ་མ་ཁག་ཅིག་གིས་ཁ་པར་ནང་ད་ལོ་ནས་བཟུང་ང་ཚོའི་རྩིས་རིག་དང་དངོས་ཁམས་སོགས་རྒྱ་ཡིག་ལ་བསྒྱུར་ཚར་འདུག་ཟེར། སྐད་དེ་ཐོས་འཕྲལ་ཧ་ལས་པའི་དངངས་སྐྲག་དང་སྐྱོ་སྣང་ཚད་མེད་པ་ཞིག་རང་དབང་མེད་པར་སྐྱེས་སོང་། སྤྱིར་ལོ་རིམ་གསུམ་པ་མན་ཆད་ཀྱི་རྩིས་རིག་སོགས་རྒྱ་ཡིག་ཁོ་ནའི་ལམ་ནས་སྔོན་ཆད་ནས་སློབ་ཁྲིད་གནང་གི་ཡོད་པ་རེད། འདི་ནི་མི་རིགས་དང་མི་རིགས་དབར་ལ་དབྱེན་དཀྲུག་རྩོམ་པའི་ལས་འགུལ་ཞིག་རེད་དམ། ཡང་ན་འདི་ནི་རིག་གནས་དང་རིག་གནས་ཀྱི་དབར་ལ་ཡག་སྡུག་འབྱེད་པའི་གྲལ་རིམ་ཞིག་རེད། དང་པོ་ལྟར་ན་དུས་གཏན་དུ་མཐོ་དམན་ཚང་མས་མ་ཎི་འདོན་པ་ནང་བཞིན་མི་རིགས་མཐུན་སྒྲིལ་དམ་པོར་བརྟན་དགོས་ཞེས་གླེང་བཞིན་པ་མ་ཡིན་ནམ། གཉིས་པ་ལྟར་ན་ཡང་རིག་གནས་ཀྱི་ངོ་བོ་ལ་ཡག་སྡུག་ཟེར་བ་ཞིག་མི་འདུག་སྟེ། རིག་གནས་དེ་དང་དེས་མི་མང་དེ་དང་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་བྱུང་དང་འབྱུང་བཞིན་པ་མ་ཡིན་ནམ། ཡང་བོད་ཡིག་ནས་སློབ་ཁྲིད་བྱས་ཚེ་སློབ་མའི་སྦྱངས་འབྲས་ཡག་པོ་མི་ལོན་ཟེར་བ་ནི་དཔོན་ངན་ཁོ་རང་ཚོའི་བདེན་པའི་མིག་ཐལ་བས་བཀབ། དྲང་བདེན་གྱི་ཤིང་ལོ་ཕྱོགས་ཞེན་གྱི་རླུང་བུས་ཁྱེར་བ་རང་རེད་མ་གཏོགས། སྔོན་ནས་ད་བར་བོད་ཡིག་ཁོ་ནའི་སློབ་ཁྲིད་ཀྱིས་རོ་མྱངས་པའི་ཚད་ལྡན་གྱི་མཁས་པ་དུ་མ་ཞིག་ཡོད་པ་མ་རིག་གམ། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་འདི་ནི་ཁྲིམས་དང་མཐུན་པའི་ལས་ཀ་ཞིག་རེད་དམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་<<རྩ་ཁྲིམས་>>ཀྱི་ཚན་པ་༡༣༤ དང་། <<མི་རིགས་མངའ་ཁོངས་རང་སྐྱོངས་བཅའ་ཁྲིམས>>ཀྱི་ཚན་པ་༤༧དང་། <<མི་དམངས་ཁྲིམས་ཁང་གི་རྩ་འཛུགས་ཁྲིམས་>>ཀྱི་ཚན་པ་༦དང་།<<ཉེས་དོན་གཏུག་བཤེར་ཁྲིམས་>>ཀྱི་ཚན་པ་༩། <<དམངས་དོན་གཏུག་བཤེར་ཁྲིམས་>>ཚན་པ་༡༡། <<སྲིད་འཛིན་གཏུག་བཤེར་ཁྲིམས>>ཀྱི་ཚན་པ་༨ བཅས་ལས་འདི་ལྟར་གཏན་ཁེལ་བྱས་ཡོད་སྐོར་སོགས་བརྗོད་འདུག

མཇུག་ཏུ་ཁོང་གིས། ང་ཚོ་བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་རིག་གནས་ལ་དབུ་ཁྲིད་ཀླད་དཀར་ཚོས་བརྩི་མཐོང་དང་དགའ་ཞེན་མེད་པར་<<དུག་སྦྲུལ་གྱི་གླ་རྩའི་དྲི་ཚོར་བ་ལྟར་>>མི་འོས་པ་དང་མི་དགའ་བ་དུས་གཏན་དུ་གནང་མི་རུང་།མདོར་ན་བོད་རིགས་ནི་རིག་གནས་ཀྱི་བང་མཛོད་ཞིག་དང་རིག་གནས་ཀྱི་བང་མཛོད་དེའི་གསེར་གྱི་ལྡེ་མིག་ལྟ་བུ་ནི་བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་འདི་ཡིན། ཀྲུང་གོ་ནི་བང་མཛོད་དེ་བདག་སྐྱོང་མཛད་མཁན་གྱི་བཟའ་དཔོན་དེ་རེད་ལ་འདི་ལ་བདག་པོ་ཡག་པོ་རྒྱག་ཐུབ་མིན་ནི་གོང་འོག་གི་ལས་ཀ་མཛད་མཁན་དཔོན་རིགས་དག་ལ་རག་ལས་ཡོད་པ་སྨོས་མ་དགོས་པ་རེད།དེར་བརྟེན་གོང་རིམ་གི་དབུ་ཁྲིད་རྣམ་པ་ཚོས་སྤྱན་རྒྱང་རིང་ཙམ་གཟིགས་ཐུབ་པའི་རེ་བ་དང་ཡིད་ཆེས་བརྟན་པོ་མཆིས།ཁྲིམས་སྲོལ་དེ་རིགས་ལ་མཐའ་གཅིག་ཏུ་མི་འདོད་པ་ཡོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།འདི་ནི་དཔོན་ངན་འགའ་ཟུང་གིས་ངན་ཇུས་རེད་མ་གཏོགས་རླབས་ཆེ་བའི་ཀྲུང་གོའི་དགོངས་པ་ཞིག་མིན། མི་རིགས་རང་སྐྱོང་ཁུལ་ལ་མི་རིགས་འདི་ཡི་ཡེ་གེ་དང་སྐད་གཙོ་བོའི་ཐོག་ནས་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་གི་དྲི་བསུང་འཐུལ་བ་བྱེད་དགོས་སོགས་བྲིས་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་རིམས་ཀྱི་གནས་བབ་དང་བསྟུན་ནས། བོད་ཁུལ་དུ་མི་མངོན་པའི་ཚུལ་གྱིས་སྐད་ཡིག་རྒྱ་བསྒྱུར་སློབ་གསོའི་སྲིད་བྱུས་འཐེན་ཐབས་བྱེད་བཞིན་ཡོད་པ་དང་། ཉིན་ཤས་སྔོན་རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་སློབ་མགོ་ཚུགས་པ་དང་བསྟུན། རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོའི་ཚོགས་འདུའི་སྟེང་འདི་ལོའི་ལོ་མཇུག་ནས། སློབ་གྲྭ་ཁག་ནང་རྒྱ་ཡིག་གཙོ་འཁྲིད་ཀྱི་སློབ་འཁྲིད་ཐབས་ལམ་གཉིས་པ་ཟེར་བ་ལག་བསྟར་བྱ་འཆར་ཡོད་པའི་གསལ་བསྒྲགས་སྤེལ་བར། རྔ་བ་ཕྱོགས་ཀྱི་དགེ་རྒན་དང་ཤེས་ཡོན་པའི་སྡེ་ནས་སྲིད་བྱུས་དེར་མི་འཐད་པ་དང་དོན་དངོས་དང་མི་མཚུངས་པའི་བསམ་ཚུཀལ་ཤུགས་ཆེར་ཡོང་བཞིན་པ་མ་ཟད། དྲ་ལམ་ཁག་ཏུ་རྒྱ་བསྒྱུར་སློབ་གསོར་རྒོལ་བའི་རྩོམ་ཡིག་དང་བོད་སྐད་གཙོ་འཁྲིད་སློབ་གསོ་དགོས་མིན་གྱི་དྲ་ལམ་འོས་བསྡུ་སོགས་ལྲི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༡༣ བར་དྲ་ལམ་འོས་བསྡུ་དེར་མི་གྲངས་མི་གྲངས་ ༢༦༤༧༦ ལྷག་གིས་བོད་སྐད་ཡིག་སློབ་འཁྲིད་དགོས་པའི་འོས་འཕངས་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ། རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་རྒྱ་བསྒྱུར་སློབ་གསོའི་ནད་ཡམས་སླེབ་ཀྱི་འདུག་ཟེར།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༡༣

Leave a Reply