ཏོག་དབྱིབས་ནད་ཡམས་སྐོར་གྱི་དཔྱད་རྩོམ་གང་བྱུང་སྤེལ་མི་ཆོག

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དཔྱད་རྩོམ་རིགས་ལ་དབུས་གཞུང་གི་ཏོག་དབྱིབས་ནད་ཡམས་ལས་དོན་ཚོགས་ཆུང་གིས་རྟོག་ཞིབ་བྱས་རྗེས་མ་གཏོགས་དྲ་ལམ་དང་དུས་དེབ་སོགས་སུ་འགོད་མི་ཆོག་པའི་བཀའ་རྒྱ་བསྒྲགས།རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཐོག་མའི་འབྱུང་ཁུངས་སོགས་ཀྱི་ཐོག་རྒྱལ་སྤྱིའི་ཐོག་རྩོད་གླེང་མང་པོ་ཡོང་བཞིན་པའི་སྐབས་འདིར།  ཨ་རྒྱའི་བར་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཐད་རྩོད་རྙོག་བྱུང་སྟེ་ཉིན་ཤས་ལས་མ་འགོར་བར། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་ལ་སྟངས་འཛིན་དང་བཀག་སྡོམ་བྱེད་པའི་མགོ་བཙུགས་ཡོད་འདུག

དེ་རིང་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་གཞུང་གི་བཀའ་རྒྱའི་ནང་། ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་དག་ལ་སྟངས་འཛིན་ནན་པོ་བྱེད་དགོས་སྐོར་དང་། དེ་ལྟ་བུའི་ཞིབ་འཇུག་དཔྱད་རྩོམ་རིགས་དུས་དེབ་ཏུ་མ་བཀོད་གོང་། གཙུག་ལག་སློབ་གྲྭའི་ཆེད་འཛུགས་ཚོགས་ཆུང་གིས་ཞིབ་འཇུག་བྱས་ཏེ། རྒྱ་ནག་དབུས་གཞུང་གི་ཚན་རིག་དང་འཕྲུལ་རིག་ལྷན་ཁང་ལ་གཏོང་དགོས་པ་དང་། དེས་དབུས་གཞུང་གི་ཏོག་དབྱིབས་ནད་ཡམས་ལས་དོན་ཚོགས་ཆུང་ལ་རྟོག་ཞིབ་ཆེད་བཏང་རྗེས། ཚོགས་ཆུང་དེས་དཔྱད་རྩོམ་གང་དེ་དུས་དེབ་ཐོག་སྤེལ་ན་འཐུས་མིན་ཐག་གཅོད་བྱེད་ཀྱི་ཡོད་འདུག དེ་བཞིན་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་གཞན་དང་འབྲེལ་བའི་རྩོམ་ཡིག་རིགས་གཙུག་ལག་སློབ་གྲྭ་སོ་སོའི་ཆེད་འཛུགས་ཤེས་ཡོན་ཚོགས་ཆུང་གིས་ལྟ་ཞིབ་བྱས་ཏེ། རྩོམ་ཡིག་གི་རིན་ཐང་དང་སྤེལ་བའི་དུས་ཚོད་འོས་འཚམ་ཡིན་མིན་བཅས་ལ་རྟོག་ཞིབ་བྱས་ཏེ་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག

རྒྱ་ནག་དབུས་གཞུང་གིས་བཏང་བའི་བཀའ་རྒྱ་དེ་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཧྲང་ཧའེ་རུ་རྟེན་གཞི་བྱས་པའི་ཧྥུ་ཏན་གཙུག་ལག་སློབ་གྲྭའི་(Fudan Univeristy) དྲ་རྒྱུར་སྤེལ་ཡོད་ཀྱང་ཕྱིས་སུ་ནག་གསུབ་བཏང་ཡོད་འདུག སི་ཨན་ཨན་གསར་ཁང་གིས་བཀའ་རྒྱ་དེའི་གཤམ་འོག་ཏུ་བཀོད་པའི་ཁ་པར་ཨང་གྲངས་ཐོག་འབྲེལ་བ་བྱེད་སྐབས། དེ་ནི་རྒྱ་ནག་དབུས་གཞུང་གི་ཚན་རིག་དང་འཕྲུལ་རིག་ལྷན་ཁང་གིས་བཀའ་རྒྱ་ཞིག་ཡིན་པ་དང་། བཀའ་རྒྱ་དེ་ནི་ནང་ཁུལ་གྱི་ཡིག་ཆ་ཡིན་པ་ལས་ཕྱིར་འགྲེམ་བྱ་མི་ཆོག་སྐོར་བརྗོད་ཡོད་འདུག་པ་མ་ཟད། ཆུ་ཚོད་འགའི་རྗེས་བཀའ་རྒྱ་དེ་དྲ་རྒྱ་ནས་ཕྱིར་བླངས་ཚར་ཡོད་འདུག

ད་ཐེངས་ཀྱི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཀག་སྡོམ་སྲིད་བྱུས་དེ་ཉིད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་གྱི་རྒྱ་ནག་དབུས་གཞུང་གི་ཏོག་དབྱིབས་ནད་ཡམས་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ཐོག་བསྒྲགས་པ་ཞིག་ཡིན་པ་དང་། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱ་ནག་དངོས་ཁམས་ཚན་རིག་གཙུག་ལག་སློབ་གྲྭའི་(The China University of Geoscience) དྲ་རྒྱའི་ཐོག་ལའང་བཀའ་ཁྱབ་དེ་སྤེལ་ཡོད་འདུག

འདི་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གི་ཚན་རིག་པ་དང་ཞིབ་འཇུག་པ་མི་ཉུང་བས་རྒྱལ་སྤྱིའི་དུས་དེབ་ཁག་ཏུ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཞིབ་འཇུག་ཆེད་རྩོམ་མང་པོ་སྤེལ་ཡོད་པའི་ཁྲོད་ནས། འགའ་ཤས་ཀྱིང་ནད་ཡམས་འདིའི་འབྱུང་ཁུངས་དང་མི་ནས་མིར་འགོས་ཁྱབ་འགྲོ་བཞིན་པའི་གནས་ཚུལ་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་བསྒྲགས་པའི་རྒྱ་ནག་ནང་གི་ཏོག་དབྱིབས་ནད་པའི་གྲངས་འབོར་ལ་དོགས་སློང་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་། དེའི་རྐྱེན་པས་རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པ་རེད། དེ་ཙམ་དུ་མ་ཟད། ཉེ་ཆར་ཨ་རྒྱའི་བར་ལ་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་ཐད་ལ་རྩོད་གླེང་དྲག་པོ་བྱུང་ཡོད་པ་རེད།

ཞིབ་འཇུག་པ་དང་དབྱེ་ཞིབ་པ་ཚོས་ད་ཐེངས་ཀྱི་བཀག་སྡོམ་སྲིད་བྱུས་དེའི་རྒྱབ་ལྗོངས་གཙོ་བོ་ནི། རྒྱ་ནག་གིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་འགྲེལ་བརྗོད་རིགས་ལ་ཁ་ལོ་བསྒྱུར་ཆེད་དང་། རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་འགྲེལ་བརྗོད་རིགས་ལ་ཚོད་འཛིན་བྱ་ཆེད་ཡིན་སྐོར་རྗོད་ཀྱི་འདུག དེ་ཡང་ལོན་ཊོན་དུ་རྟེན་གཞི་བྱས་པའི་ཨེ་ཤ་ཡ་ཤར་མ་དང་ཨ་ཧྥི་རི་ཀ་རིག་པའི་སློབ་གླིང་ (School of Oriental and African Studies) གི་སློབ་དཔོན་སི་ཊི་ཝི་ཚང་(Steve Tsang) གིས། རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་འཕྲོད་བསྟེན་དང་དཔལ་འབྱོར་ལས། ནད་ཡམས་དང་འབྲེལ་བའི་འགྲེལ་བརྗོད་དེ་གཙིགས་ཆེར་འཛིན་གྱི་ཡོད་སྐོར་དང་། རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཐད་ཀྱི་འགྲེལ་བརྗོད་རིགས་ལ་ཚོད་འཛིན་དང་སྟངས་འཛིན་བྱེད་འདོད་ཡོད་པ་གསལ་པོ་བསྟན་ཡོད་སྐོར་བརྗོད་ཡོད་འདུག

གཞན་ཡང་རང་མིང་བཀོད་འདོད་མེད་པའི་རྒྱ་རིགས་ཞིབ་འཇུག་པ་ཞིག་གིས་སི་ཨན་ཨན་གསར་ཁང་ལ། ཁྲིམས་སྒྲིག་གསར་པ་འདིའི་རྐྱེན་པས་སླད་ཕྱིན་རྒྱ་ནག་གཞུང་འབྲེལ་གནས་ཚུལ་དང་འགལ་ཟླ་ཡིན་པའི་གནས་ཚུལ་རིགས་བཀག་སྡོམ་བྱ་ངེས་པ་དང་། རྒྱལ་སྤྱིའི་ཚན་རིག་པའི་སྡེ་ཁག་ཚོས་རྒྱ་ནག་ནས་ཐོན་པའི་ཞིབ་འཇུག་རྩོམ་ཡིག་རིགས་དེ་གཞུང་གིས་བསྐྱར་ཞིབ་བྱས་པའི་རྩོམ་ཡིག་ཅིག་ཡིན་པ་ཤེས་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག

ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་གང་ཡིན་ཐད་གཏན་འཁེལ་བའི་གསལ་ཁ་བྱུང་མེད་པ་ལྟར། རྒྱ་ནག་གི་དཔོན་རིགས་དང་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡང་ནས་ཡང་དུ་དེའི་སྐོར་བརྒྱུད་སྒྲོག་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཟླ་སྔོན་མར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་ (Zhao Lijian) ཟེར་བ་དེས་སྒེར་གྱི་ཊི་ཝི་ཊར་དྲ་ལམ་ཐོག ཏོག་དབྱིབས་ནད་ཡམས་དེ་ཨ་རིའི་དམག་མིས་རྒྱ་ནག་ནང་འཁྱེར་ཡོང་བ་ཞིག་ཡིན་སྐོར་གྱི་གནས་ཚུལ་ཞིག་སྤེལ་ཡོད་པ་དེས། ཨ་རྒྱའི་གཞུང་དང་མང་ཚོགས་བར་ལ་འགལ་ཟླ་ཤུགས་ཆེན་བསླངས་ཡོད་པ་རེད། དེ་བཞིན་བདུན་ཕྲག་འགའི་སྔོན་རྒྱ་ནག་ནང་གི་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཅུང་སེལ་བ་དང་བསྟུན། རྒྱ་ནག་གཞུང་གིས་ཨི་ཊ་ལི་གཙོས་པའི་ཡུ་རོབ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་མང་པོར་སྨན་བཅོས་སོགས་པའི་རོགས་རམ་བྱས་མགོ་བརྩམས་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏོག་དབྱིབས་ནད་ཡམས་དང་རྗེས་འབྲེལ་གྱི་རྒྱ་ནག་གི་སྣང་བརྙན་དེ་བཟང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༡༣

Leave a Reply