འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ བར་ཁྱིམ་སྡོད་བཀའ་རྒྱ་ཕྱིར་འགྱངས་གནང་།

རྒྱ་གར་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ བར་དུ་ཁྱིམ་སྡོད་བཀའ་རྒྱ་ཕྱིར་འགྱངས་གནང་གཏན་འཁེལ་བ་ཡོངས་བསྒྲགས་གནང་།རྒྱ་གར་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱའི་ཉིན་མཐའ་མ་དང་བསྟུན། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་ཐད་གཏོང་བརྙན་ལམ་བརྒྱུད་ཁྱིམ་སྡོད་བཀའ་རྒྱའི་འོག་ཡོད་པའི་རྒྱ་གར་གྱི་མི་འབོར་ཐེར་འབུམ་ ༡།༣ ལ་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གར་ཏོག་དབྱིབས་ནད་ཡམས་ལས་མངོན་པར་རྒྱལ་ཆེད། ཁྱིམ་སྡོད་བཀའ་རྒྱ་འདི་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ བར་ཕར་འགྱངས་བྱ་རྒྱུའི་ཐག་གཅོད་གནང་ཡོད་སྐོར་གསུངས་སོང་།

སྲིད་བློན་མུ་དྷི་མཆོག་གིས་གསུང་བཤད་ཀྱི་ཐོག་མར། རྒྱ་གར་ནང་ཏོག་དབྱིབས་རིམས་འགོག་ལས་འགུལ་དེ་ཚགས་ཚུད་ཡོང་བཞིན་ཡོད་པ་དང་། དེ་ནི་གཙོ་བོ་ཁྱེད་ཀྱིས་དཀའ་སྡུག་ཆེ་བའི་དུས་ཡུན་ལའང་ལས་འགུལ་འདི་ལེགས་གྲུབ་ཡོང་རྒྱུར་རྒྱབ་སྐྱོར་བྱས་པས་ཡིན། ཞེས་དང་། རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་མ་ཐོན་གོང་ནས་གནམ་ཐང་དུ་འགྲུལ་པ་ཚོར་བརྟག་དཔྱད་བྱས་མགོ་མཙུགས་ཡོད་པ་སོགས་རྒྱ་གར་གྱིས་ཉེན་ཚབས་མ་ཡོང་གོང་ནས་སྔོན་འགོག་གྱི་བྱ་འགུལ་སྤེལ་ཏེ་སྟངས་འཛིན་ལེགས་པོ་བྱས་ཡོད་པ་མ་ཟད། ཁྱིམ་སྡོད་བཀའ་རྒྱ་མྱུར་པོ་དང་སྔ་པོ་བཏང་བའི་ཉེར་ལེན་གྱིས་རྒྱ་གར་གྱིས་རྒྱལ་ཁབ་ཆེ་ཁག་ལས་ཀྱང་ལས་དོན་བཟང་པོ་བྱས་ཡོད་སྐོར་དང་། མང་ཚོགས་ཁྲོད་དུ་ཁྱིམ་སྡོད་བཀའ་རྒྱ་འདི་ཕར་འགྱངས་བྱས་མིན་ཐད་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་ཀྱང་། རྒྱ་གར་ཏོག་དབྱིབས་ནད་ཡམས་འདི་ནས་མངོན་པར་རྒྱལ་ཆེད། ཁྱིམ་སྡོད་བཀའ་རྒྱ་འདི་མུ་མཐུད་ཡོང་རྒྱུའི་ཕྱི་ཟླ་ ༥ ཚེས་ ༣ བར་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་ཡོད། ཡིན་ན་ཡང་། འཚོ་བར་དོ་ཕོག་ཤུགས་ཆེར་ཐེབས་པའི་ཉིན་རེའི་ངལ་རྩོལ་བ་ཚོར་ཁྱིམ་སྡོད་བཀའ་རྒྱ་གུ་ཡངས་གཏང་རྒྱུ་ཡིན་པ་མ་ཟད། ཞིང་པ་རྣམས་ལའང་ངལ་སེལ་མ་དངུལ་མགོ་འགྲེམ་བྱ་རྒྱུ་ཡིན་སྐོར་གསུངས་འདུག

གཞན་ཡང་སྲིད་བློན་མུ་དྷི་མཆོག་གིས། ཡོང་རྒྱུའི་ཉིན་གྲངས་ ༡༩ རིང་གི་ཁྱིམ་སྡོད་བཀའ་རྒྱ་དེ་ཚགས་ཚུད་ཡོང་ཆེད། ཟླ་འདིའི་ཕྱི་ཚེས་ ༢༠ བར་རྒྱ་གར་གྱི་རྫོང་དང་ས་གནས། མངའ་སྡེ་བཅས་ལ་རྟོག་ཞིབ་གཟབ་ནན་བྱ་རྒྱུ་ཡིན་པ་མ་ཟད། ཛ་དྲག་གི་གནས་སྟངས་མིན་པའི་མངའ་སྡེ་ཁག་ལ་གལ་ཆེའི་ལས་དོན་རྣམས་མུ་མཐུད་སྤེལ་རྒྱུའི་ཆོག་མཆན་སྤྲད་ཡོད་པ་དང་། གཞུང་གི་ཁྱིམ་སྡོད་བཀའ་རྒྱའི་ལམ་སྟོན་ཞིབ་རྒྱས་སང་ཉིན་འགྲེམ་སྤེལ་བྱ་རྒྱུ་དང་། གཞུང་ངོས་ནས་རྒྱལ་ཡོངས་ནང་སྨན་བཅོས་ཀྱི་མཐུན་རྐྱེན་གསར་སྐྲུན་དང་། དགོས་ངེས་བཟའ་བཅའི་གནད་དོན་ཁག་ལ་ཐག་གཅོད་བྱེད་མུས་ཡིན་སྐོར་གསུངས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་ཀྱི་བརྙན་འཕྲིན་བརྒྱུད་རྒྱ་གར་ནང་གནས་སྡོད་བོད་མི་ཚོར་ལམ་སྟོན་གནང་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་ནད་ཡམས་ལས་དོན་ཚོགས་ཆུང་གིས་བོད་མི་བཙན་བྱོལ་བའི་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཇི་བྱུང་གཟའ་འཁོར་གཅིག་གི་རེས་གཟའ་ཕུར་བུ་ནམ་ཡིན་བོད་ཀྱི་བརྙན་འཕྲིན་བརྒྱུད་གསར་འགོད་གསལ་བསྒྲགས་དུས་ཐོག་སྤེལ་རྒྱུ་མ་ཟད།  བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པའི་གཙོས་པའི་ཛ་དྲག་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་ཇེ་དགེ་ཐབས་ལམ་འཚོལ་སླད་ཚོགས་འདུ་ཡང་ཡང་ཚོགས་པ་བརྒྱུད་གནས་སྟངས་ཛ་དྲག་ཇི་བྱུང་རྩད་ཞིབ་གནང་མུས་ཡིན་སྐོར་དང་། རྒྱ་གར་གཞུང་ནས་ཁྱིམ་སྡོད་བཀའ་རྒྱ་འདི་ཕར་འགྱངས་བྱ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག་པས། བོད་མི་ཚོས་དབུས་སའི་གཞུང་གི་བཀའ་རྒྱ་ཁག་ལ་བརྩི་སྲུང་དགོས་པ་གལ་ཆེན་ཡིན་སྐོར་གསུངས་འདུག

ཁྱིམ་སྡོད་བཀའ་རྒྱའི་ནང་དོན་ཞིབ་རྒྱས་སང་ཉིན་མ་གཏོགས་བརྒྱུད་ལམ་དུ་བསླེབས་མེད་ཀྱང་། དེ་རིང་ཀང་ར་ཉེན་རྟོག་དཔོན་གྱིས་སྤྱི་ཚོགས་དྲ་ལམ་ངོ་དེབ་ཐོག་སྲིད་བློན་མུ་དྷི་མཆོག་གི་འབོད་སྐུལ་དོན་ཚན་ ༧ བཀོད་པའི་ནང་། རྒས་འཁོགས་རྣམས་རང་ཁྱིམ་དུ་གཅེས་ཉར་བྱེད་དགོས་པ་དང་། རང་བཟོའི་ཁ་རེས་སྤྱད་དེ་སྤྱི་ཚོགས་རྒྱང་བཀྱེད་ལག་བསྟར་བྱེད་དགོས་པ། རྒྱ་གར་གཞུང་གི་ཨ་ཡུ་ཤི་སྨན་བཅོས་ལམ་སྟོན་ལ་ཉན་དགོས་པ། རྒྱ་གར་གཞུང་གིས་ཆེད་བསྐྲུན་བྱས་པའི་ཏོག་དབྱིབས་ནད་ཡམས་མཇུག་འདེད་མཉེན་ཆས་(Arogya Setu)བཀོལ་དགོས་པ། མི་མང་དབུལ་པོ་རྣམས་ལ་ལྟ་སྐྱོང་དང་། དེ་བཞིན་སྨན་ཞབས་མི་སྣ་དང་ཉེན་རྟོག་པ། གཞུང་འབྲེལ་མི་སྣས་མཚོན་པའི་གནད་འགག་གི་ཞབས་ཞུ་བའི་སྡེ་ཁག་ལ་རྒྱབ་སྐྱོར་དང་གུས་བརྩི་ཞུ་དགོས་སྐོར་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༡༤

Leave a Reply

2 thoughts on “འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ བར་ཁྱིམ་སྡོད་བཀའ་རྒྱ་ཕྱིར་འགྱངས་གནང་།